མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན།


མཁས་དབང་གདོང་ཐོག་རིན་པོ་ཆེ་མཆོག་ནི། མདོ་ཁམས་ཏྲེ་ཧོར་དཀར་མཛེས་སུ་ཡབ་བློ་བཟང་རྡོ་རྗེ་དང། ཡུམ་ཡ་མ་ཆོས་སྐྱིད་ཀྱི་སྲས་སུ་ཆུ་བྱ། ཕྱི་ལོ་ ༡༩༣༣ ཟླ་བ་ ༡༡ ཚེས་ ༡༩ ཉིན་སྐུ་འཁྲུངས། དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་གི་བདག་ཆེན་གོང་མ་ཀུན་དགའ་རིན་ཆེན་གྱིས་གདོང་སྤྲུལ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་དགུང་ལོ་ལྔ་མེ་གླང་ ༡༩༣༧ གདོང་ཐོག་ཆོས་སྡེ་རིག་གྲོལ་ཕུན་ཚོགས་གླིང་དུ་ཁྲི་སྟོན་ཞུས། དགུང་ལོ་བདུན་ས་ཡོས་ ༡༩༣༩ གནས་ཀྱི་སློབ་དཔོན་ཚུལ་ཁྲིམས་བཟང་པོ་བསྟེན་ནས་བོད་ཡིག་གཟབ་གཤར་ཀློག་དང། འདོན་ཆོག སྤྱོད་འཇུག་རྩ་འགྲེལ་སོགས་ངག་སྦྱོང་གནང། རང་ལོ་བཅུ་གཅིག་པ་ཆུ་ལུག ༡༩༤༣ སྡེ་དགེ་ཀུ་སེ་བྲིས་པ་ཚེ་རྣམ་ལས་གཤར་འཁྱུག་བྲིས་དང། ཡིག་ཆེན། འབྲུ་ཚ་བཅས་སྦྱངས། དགུང་ལོ་བཅུ་གསུམ་པ། ཤིང་བྱ་ ༡༩༤༥ དབུས་གཙང་དུ་གྲྭ་སར་བྱོན། ངོར་ཁང་གསར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ་ལས་ལམ་འབྲས་ཚོགས་བཤད་ཆ་ལག སེམས་བསྐྱེད། སོ་ཐར་བསླབ་ཚིགས་དང་བཅས་པ་ནོད། ངོར་བཤད་གྲྭའི་མཁན་པོ་བོ་ཐར་རྒྱལ་མཚན་དང། གཡོན་རུ་རབ་གསལ་ལས། སྤྱོད་འཇུག སུམ་རྟགས། བློ་སྦྱོང་དོན་བདུན་མ། དག་ཡིག་ངག་སྒྲོན། མངོན་པ་མཛོད་སོགས་གསན། དགུང་ལོ་བཅོ་ལྔ། མེ་ཕག་ ༡༩༤༧ ལོར་ལྷ་ས་སྨོན་ལམ་དུ་བྱོན། ༸གོང་ས་མཆོག་གི་གསེར་ཞལ་མཇལ་ཏེ་མཎྜལ་ཕུལ། ངོར་ཁང་སར་མཁན་པོ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ལས་ས་སྐྱའི་གདན་ས་འོག་རྩེ་གདོང་དུ་ལམ་འབྲས་སློབ་བཤད་དང། མཁའ་སྤྱོད་སོགས་གསན། དགུང་ལོ་བཅུ་དྲུག་པ། ས་བྱི་ ༡༩༤༨ སྒྲོལ་དཀར། ས་འཇམ་སྦག་སྒྲུབ། བླ་མ་རིན་འབྱུང། འབྱུང་འདུལ་སོགས་ཀྱི་བཅད་རྒྱར་བཞུགས། རང་ལོ་བཅུ་བདུན་པ་ས་གླང་ ༡༩༤༩ ཀྱེ་རྡོར་བཅད་རྒྱར་བཞུགས། ལོ་མཇུག་སྡེ་དགེར་སློབ་གཉེར་དུ་ཐེག།།རྩ་བའི་བླ་མ་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཞལ་མཇལ་ཞིང། རྫོང་སར་བཤད་གྲྭར་ཞུགས་ཏེ། མཁན་པོ་མདོ་སྲིབ་ཐུབ་བསྟན་རྒྱལ་མཚན། དཔལ་སྒང་མཁས་པ་དམ་ཆོས་སོགས་ལས། བརྡ་སྤྲོད། དབུ་ཚད། འདུལ་མངོན། བྱམས་ཆོས་སོགས་གསན་སྦྱོང་མཐིལ་ཕྱིན་མཛད། ས་པཎ་དུས་ཆེན་ལ་ཚོགས་སུ་མངོན་པ་མཛོད་བཤད་པ་དང། ཚད་མ་རིག་གཏེར་རྟགས་བསལ་ཕུལ། དགུང་ལོ་བཅུ་དགུ་པ། ལྕགས་ཡོས་ ༡༩༥༡ རྡོ་རྗེ་འཆང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་གསུང་ངག་ལམ་འབྲས་སློབ་བཤད་གསན། སྡེ་གཞུང་ཨ་འཇམ་སྤྲུལ་སྐུ་ལས་སྒ་སྟོན་རྡོ་རྗེ་འཆང་གི་ལམ་དུས་ཀྱི་ཟབ་གནད་ཐུན་མིན་སྙན་བརྒྱུད་སྤྲུལ་སྐུ་རིན་པོ་ཆེས་ཡི་གེར་བཀོད་པ་གསན། སྡེ་གཞུང་སྤྲུལ་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་མཁན་པོ་དང། བཤད་གྲྭའི་མཁན་པོ་མདོ་སྣོད་འཛིན་པ་ཐུབ་བསྟན་རྒྱལ་མཚན་ལས་སློབ། སྐྱོར་དཔོན་མཁྱེན་རབ་སེངྒེ་གསང་སྟོན་མཛད་དེ་སླར་ཡང་བསྙེན་པར་རྫོགས། དགུང་ལོ་ཉི་ཤུ་པ། ཆུ་འབྲུག ༡༩༥༢ བླ་མ་ཚེ་དབང་རྡོ་རྗེ་ལས་སྐར་རྩིས་ལྔ་བསྡུས། གཟའ་ལྔ། དུས་སྦྱོར། ཞག་གསུམ་རྣམ་དབྱེ་བཅས་སྦྱངས། བླ་མ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ལ་འདོད་ཆོས་གསོལ་བ་བཏབ་སྟེ། ས་ལུགས་ཕུར་པ་དང། གསང་བདེ་འཇིགས་གསུམ། མཁའ་སྤྱོད་སོགས་གསར་རྙིང་གི་ཆོས་མང་དུ་གསན། སྤྲུལ་སྐུ་རབ་གསལ་ཟླ་བ་ (༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་) ལས་སྙན་ངག་མེ་ལོང་མ་ལེའུ་བར་པ་བཤད་ཁྲིད་བསྩལ་བ་དཔེར་བརྗོད་བཅས་ཞུས། དགུང་ལོ་ཉེར་གཅིག་པ་ཆུ་སྦྲུལ་ ༡༩༥༣ ས་ལུགས་རྡོ་རྗེ་ཕུར་པའི་བཅད་རྒྱར་བསྡད། དོན་གཉེར་ཅན་རྣམས་རྩིས་བསླབས། དགུང་ལོ་ཉེར་གཉིས་པ་ཤིང་རྟ་ ༡༩༥༤ སྔོན་འཇམ་མགོན་རྡོ་རྗེ་འཆང་གསོལ་བ་བཏབ་པ་བཞིན་རྫོང་སར་དུ་སྒྲུབ་ཐབས་ཀུན་བཏུས་དང། སྒྲུབ་ཐབས་བརྒྱ་རྩ་སོགས་མང་དུ་ཐོབ། རྩིས་རིག་སྨྲ་བ་བྲག་གཡབ་ཀུན་མཁྱེན་ལས། ཞག་གསུམ་རྣམ་དབྱེ། གཟའ་འཛིན། རི་ཥི། ཕག་ཞག ཉི་ལྡོག་སོགས་སྦྱངས། མི་ཕམ་དབྱངས་འཆར་སོགས་སྐར་རྩིས་སྐོར་དོགས་གཅོད་མཐིལ་ཕྱིན་པ་ཞུས། དགུང་ལོ་ཉེར་གསུམ་པ་ཤིང་ལུག ༡༩༥༥ ལོར་དགོན་པའི་གཙུག་ལག་ཁང་དང། ཆོས་སྡེའི་འཁོར་ལོ་གསུམ་གྱི་ཉམས་གསོ་མཛད། ཕུན་ཕོའི་བདག་ཆེན་རིན་པོ་ཆེ་སྟོན་འཁོར་དང། སྡེ་གཞུང་ལུང་རིགས་སྤྲུལ་སྐུ་བཅས་གདོང་ཐོག་དགོན་པར་གདན་དྲངས། དགུང་ལོ་ཉེར་བཞི་པ། མེ་སྤྲེལ་ ༡༩༥༦ ཧོར་སྟོད་རོང་པ་ཚར་ཚབ་སྒྲུབ་རྒན་སྤྲུལ་སྐུ་ལས་བཀའ་འགྱུར་གྱིས་ལྗགས་ལུང་ཞུས། རིམ་བཞིན་རྒྱ་དམག་གི་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་པར་གྲྭ་དམངས་ལ་ལམ་སྟོན་དང་བཅས་ ༡༩༥༦/༤/༢༢ བློ་གཏད་འཕེར་བའི་ཉེ་གནས་མགོན་པོ་རྡོ་རྗེ་གཅིག་པུ་ཁྲིད་དེ་བླ་བྲང་ནས་ཕེབས་ཐོན་མཛད། དབུས་གཙང་དང། རྒྱ་བལ་གནས་མཇལ་ཞུས། དགུང་ལོ་ཉེར་ལྔ་པ་མེ་བྱ་ ༡༩༥༧ རྒྱ་གར་དུ་ཀ་བློན་སྤུངས་དུ་ཕེབས་ཏེ། འཇམ་མགོན་རྡོ་རྗེ་འཆང་ལས་བླ་མ་ཡང་ཏིག རིག་འཛིན་འདུས་པ། དཔལ་ཆེན། ཡང་ཕུར། ཞི་ཁྲོ་སོགས་གསན། སླར་བོད་དུ་བྱོན། ༸གོང་ས་མཆོག་ལས་དུས་འཁོར་དབང་ཆེན་དང། བཀའ་འགྱུར་བླ་མ་ངག་མཁྱེན་ལས་ལམ་རིམ་དང། སྔགས་རིམ་ཆེན་མོ། ཐུན་དྲུག་བླ་མའི་རྣལ་འབྱོར་སོགས་གསན། བོད་དུ་སྡོད་པ་ལེགས་ངོ་མ་ཤར་བས་ཧོར་ཟླ་ ༧ ནང་སླར་རྒྱ་གར་དུ་ཐོན། ༡༩༥༧/༩/༢༢ རྡོ་རྗེ་གླིང་དུ་འཇམ་མགོན་རྡོ་རྗེ་འཆང་གི་ཞལ་མཇལ། དབྱིན་ཧིན་སྦྱོང་འགོ་ཚུགས། རང་ལོ་ཉེར་དྲུག་པ། ས་ཁྱི་ ༡༩༥༨ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཞབས་བསྟེན་ནས་རྟ་ཕྱག་ཁྱུང་གསུམ་སོགས་ཞུས། འཇམ་མགོན་རྡོ་རྗེ་འཆང་ཉིད་ལས་སྡོམ་གསུམ་གྱི་སྔགས་སྡོམ་གྱི་ཁྲིད་དང། མཚན་བརྗོད་ཀྱི་ལུང་ཞུས། གསོལ་བ་བཏབ་པ་བཞིན་རང་ཉིད་ལ་ཞལ་གདམས་གཏམ་དུ་བྱ་བ་རིན་ཆེན་ཕྲེང་མཛེས་ཞེས་པ་བསྩལ།

དགུང་ལོ་ཉེར་བདུན་པ། ས་ཕག་ ༡༩༥༩ ལྡི་ལིར་བྱོན་ཏེ། སྭ་ར་སྭ་སྟི་བི་ཧར་ལ་ཡིག་འབྲི་དང། པར་རྩ་འབྲི་ཞུས། ཞོར་དུ་རྒྱ་གར་རླུང་འཕྲིན་ཁང་དུ་ཕྱག་ལས་གནང། བླ་མ་རྡོ་རྗེ་དགོངས་པ་གཞན་དོན་ལ་གཏད་པ་ཤེས་ནས་མཐའ་མའི་མཇལ་ཕྱག་ཞུས། དགུང་ལོ་ཉེར་བརྒྱད་པ། ལྕགས་བྱི་ལོར་རྒྱ་གར་བདེ་སྲུང་ལས་བྱེད་སློབ་གྲྭའི་བོད་དགེའི་ལས་ཀ་ཐོབ། ཀུན་བདེ་གླིང་ངག་དབང་རྒྱལ་མཚན་དང་ལྷན་དབུས་སྐད་སློབ་དེབ་རྩོམ་སྒྲིག་པར་སྐྲུན་མཛད་དེ་སློབ་འགོ་ཚུགས། དགུང་ལོ་སུམ་ཅུ་པ། ཆུ་སྟག་ལ་རྟ་མགྲིན་བསྙེན་མཚམས་བཞུགས། རིགས་ཀྱི་བདག་པོ་སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་མཇལ་ཏེ། ཀྱེ་རྡོར་རྒྱུ་དབང། རྟ་ཕྱག་ཁྱུང་གསུམ་སོགས་གསན། སློབ་དགེའི་ལས་ཞོར་དབྱིན་ཧིན་སྦྱངས་པ་མཛད། སློབ་དགེ་བཤོལ་ནས་རྡོར་གླིང་རང་དབང་གསར་ཁང་གི་ལས་ཀར་བཞུགས། ཞུས་དག དབྱིན་སྒྱུར། རྩོམ་འབྲི་སོགས་མཛད། དགུང་ལོ་སོ་གཅིག་པ། ཆུ་ཡོས་༸གོང་ས་མཆོག་གི་བཀའ་བཞིན་ནུབ་ཇར་མན་དུ་སྐུ་ཚབ་ལྟ་བསྐོར་དུ་ཕེབས། སོ་གཉིས་པ། ཤིང་འབྲུག དིལླི་བོད་ཁང་གི་ལས་བྱེད་དུ་འཕོས། སོ་ལྔ་པ་མེ་ལུག བོད་མིའི་རང་དབང་གསར་ཁང་གི་སློབ་སྟོན་པ་དང། ཆེད་བརྗོད། རྩོམ་སྒྱུར་སོགས་མཛད། སོ་བདུན་པ། ས་བྱ་བོད་མིའི་རང་དབང་གསར་ཁང་ལེགས་བཅོས་ཀྱིས་བདུན་རེའི་གསར་ཤོག་ཏུ་འགྱུར་བཅོས་ཞུས། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལས་ཟབ་ཆོས་ཞི་ཁྲོ་དགོངས་པ་རལ་གྲོལ་གྱི་དབང་དང། རྒྱབ་རྟེན་ཞི་ཁྲོའི་ཆོས་སྐོར་གྱི་ལུང་ཞུས། སོ་དགུ་པ། ལྕགས་ཕག་དབྱིན་བོད་ཤན་སྦྱར་ཚིག་མཛོད་ཀྱི་བཟོ་སྐྲུན་ཕྱག་ལས་གནང་། སྔ་ཕྱིར་ལོ་ངོ་བཅུ་གཉིས་ཙམ་རང་གཞུང་གི་ཞབས་ཕྱི་ཞུས། རང་ལོ་ཞེ་བདུན་པ་ས་ལུག ༡༩༧༩ ནས་ཨ་རིར་བྱོན་ཏེ་གྱོན་ཆས་བཟོ་གྲྭ་ཞིག་ཏུ་ལོ་བཅུ་གཉིས་ཙམ་ཕྱག་ལས་གནང། དགུང་ལོ་ང་ལྔ་པ་མེ་ཡོས། ས་པཎ་བཤད་སྒྲུབ་གླིང་བཙུགས། དོན་གཉེར་ཅན་ལ་སློབ་ཁྲིད། རྩོམ་བསྒྱུར་པར་འགྲེམས་མཛད། ༡༩༩༣ ལོར་བོད་གཞུང་ཆོས་དོན་ལྷན་ཁང་གི་བཀའ་བཞིན་འཛམ་གླིང་ཆོས་ལུགས་ཚོགས་ཆེན་ལ་ཕེབས། དཔལ་ས་སྐྱའི་ཁྲི་འཛིན་སྒྲོལ་མ་ཕོ་བྲང་ལས་བལ་ཡུལ་ཐར་ལམ་དགོན་དུ་སྒྲུབ་ཐབས་ཀུན་བཏུས་གསན། ༡༩༩༤ ལོར་བོད་དུ་བྱོན་ནས་གདོང་ཐོག་དགོན་པར་ཕེབས། དད་ལྡན་རྣམས་ལ་གསུང་ཆོས་དང། ཆོས་སྲིད་ཀྱི་བསླབ་བྱ་བསྩལ་ཞིང། ༸གོང་ས་མཆོག་སྐུ་ཚེ་བརྟན་པ་དང། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་གསོལ་འདེབས་སྨོན་ལམ་དགེ་བསྐུལ་མཛད། མདོར་ན། མཁས་པའི་དབང་པོ་འདི་ཉིད་ཀྱི་རྩ་བའི་བླ་མ་རྩ་བའི་བླ་མའི་འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་བསྔགས་པ་མཛད་པ་བཞིན། ཡང་ན་དཔེ་ཆ་གཟིགས་པ་དང། ཡང་ན་རྩོམ་བྲིས་མཛད་པ། ཡང་ན་འཆད་སྤེལ་གནང་བ་ལས་རང་དགར་མི་བཞུགས་པར་སྐུ་ཚེ་གང་པོ་བོད་ཀྱི་རིག་གནས་ཐོག་ལེགས་སྐྱེས་འབུལ་བར་མཛད་དེ། མཐར་དམ་པ་དེ་ཉིད་དགུང་གྲངས་ ༨༣ ལ་སོན་པ། ཕྱི་ལོ་ ༢༠༡༥ ཟླ་བ་ ༡ ཚེས་ ༡༣ ཨ་རིའི་གྲོང་ཁྱེར་སི་ཨ་ཊལ་གཟིམ་ཤག་ཏུ་དགོངས་པ་རྫོགས། 

གསུང་རྩོམ་ནི།

ས་སྐྱའི་ཆོས་འབྱུང་རབ་འབྱམས་ཞིང་དུ་སྙན་པའི་སྒྲ་དབྱངས། ལོ་ཚིགས་མཁས་པའི་ངག་རྒྱན། གཟབ་བྲིས་ཀྱི་རྣམ་གཞག་ཀ་དཔེ་དང་བཅས་པ་བློ་གསལ་དགའ་བསྐྱེད། རྩོམ་བྲིས་སྣ་ཚོགས་ཨུཏྤལ་གཞོན་ནུའི་ཆུན་པོ། སུམ་ཅུ་པའི་རྣམ་དབྱེ་གཉིས་བཞིའི་དོན་ལ་དཔྱད་པ་སོམ་ཉིའི་མུན་སེལ། རྒྱ་གུང་ཁྲན་གྱི་སྤེལ་བའི་ཆོས་ཀྱི་སྐྱོན་བརྗོད་ལ་དགག་ལན་རིག་པའི་རིག་པའི་ཐོག་མདའ། དེང་དུས་དང་མཐུན་པའི་དབྱིན་སྐད་ཀྱི་སྒྲ་གཞུང་རིག་ལམ་གསལ་བའི་སྒྲོན་མེ། དབྱིན་བོད་ཤན་སྦྱར་ཚིག་མཛོད་སྣང་བ་གསར་པ། མ་བཅོས་དངོས་འབྲེལ་བརྗོད་པ་དུས་ཀྱི་མེ་ལྕེ། འཐད་པར་སྨྲ་བའི་གཏམ་གདོངས་མཐའ་རིམ་པའི་ཟློས་གར། རྒྱས་བའི་བསྟན་ལ་འཁྲུལ་པ་སྨྲ་བའི་རྡུལ་སེལ་ལུང་རིགས་ཀྱི་བྱི་དོར་དག་བྱེད་ཟེགས་མ་སོགས་མང་ངོ། །

འབྲེལ་ཡོད་རྩོམ་ཡིག


མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན།  མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན། Reviewed by ཆོས་དུང་ དཀར་པོ། on 8:55 PM Rating: 5

No comments: