གསོལ་ཇ་ཁང་གི་ཀྱལ་གཏམ།

 མཁན་ཆེན་བསོད་ནམས་རྒྱ་མཚོ། {མཱཎྜཱུཝཱལཱ}

གངས་ཅན་ཀ་བི་[1]འཇམ་མགོན་ས་པཎ་ཆེ། །
གངས་ཁྲོད་ཀ་བཱི་འཇམ་དབྱངས་ས་སྐྱ་པ། །
གངས་ལྗོངས་ཀ་བ་ཡ་ནི་ཆོས་རྗེ་ཉིད།[2]
གངས་རིའི་སྙན་ངག་པ་ལ་ཀུན་ཏུ་འདུད། །
ཅེས་པས་མདུན་བསུས་ཏེ་གསོལ་ཇ་བཞེས་མགྲོན་ཁང་དུ་གསོལ་ཇའི་ཚེ་ཆོས་གྲོགས་འགའ་ཡི་མདུན་དུ་སློབ་དཔོན་དཎྜི་དང་འབྲེལ་བའི་ཀྱལ་གཏམ་བྱུང་བ་རྣམས་འབྲི་འོས་པ་མེད་ནའང་ཆོས་གྲོགས་ཀྱི་བསྐུལ་ངོ་མ་བཟོད་ནས་ཡི་གེའི་གཟུགས་སུ་བྲི་བ་ལ་ས་བཅད་དྲུག་སྟེ། དཎྜིའི་རྒྱན་གྱི་རྒྱུ་ཅན། དཎྜིའི་ལོ་དུས་བཞེད་ཚུལ། དཎྜིའི་འཁྲུངས་ཡུལ་ལྷོ་ལྗོངས། དཎྜིའི་སྐུ་ཚེའི་ལོ་རྒྱུས། དཎྜིའི་རྣམ་དཔྱོད་ཐུགས་རྩལ། དཎྜིའི་བརྩམས་གཞུང་རྣམ་གསུམ་དང་དྲུག་གོ །

དང་པོ་དཎྜིའི་རྒྱན་གྱི་རྒྱུ་ཅན་ནི། འཕགས་ཡུལ་རྒྱ་གར་དུ་རྒྱན་གྱི་བསྟན་བཅོས་རྩོམ་མི་སྔ་ཤོས་ནི་སློབ་དཔོན་དཎྜི་དང་སློབ་དཔོན་བྷཱ་མ་ཧ་གཉིས་པོ་གང་རུང་ཡིན། ཁོང་རྣམ་གཉིས་ལས་དང་པོ་སུས་བརྩམས་ལ་རྒྱ་གར་བའི་མཁས་པ་རྣམས་ལ་ད་དུང་ཡང་རྩོད་གཞི་ཅན་དུ་ལུས་ཡོད། དེས་ན། ཇི་སྐད་དུ། མེ་ལོང་མ་ལས། བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང། །སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། །ཇི་ལྟར་ནུས་བཞིན་བདག་གིས་ནི། །སྙན་ངག་རྣམས་ཀྱི་མཚན་ཉིད་བྱ། །ཞེས་གསུངས་པ་ལྟར་མེ་ལོང་མའི་རྩ་གཞིའི་ཡི་གེའི་ནང་བྷཱ་མ་ཧའི་ཡི་གེ་བྲིས་པ་ཡོད་ཀྱང་རྩོད་གཞི་ཅན་ཡིན་ཞེས་མཁས་དབང་ཤིབནཱརཱཡཎཤཱསྟྲཱི་མཆོག་གིས་གསུངས།[3] དེའི་ཕྱིར་ན་ཁོ་བོའི་རྟོག་པ་ལ་ནི་སློབ་དཔོན་དཎྜི་མཆོག་ཉིད་རྒྱ་གར་དུ་རྒྱན་གྱི་བསྟན་བཅོས་རྩོམ་མཁན་སྔ་ཤོས་སུ་སྣང། སློབ་དཔོན་དཎྜིའི་སྔོན་ལ་སློབ་དཔོན་བྷཱ་མ་ཧ་ཡོད་པའི་སྒྲུབ་བྱེད་བཞི་ཙམ་རྒྱ་གར་གྱི་མཁས་དབང་ཁ་ཅིག་གིས་[4]འདོན་ཀྱིན་འདུག་ནའང་ཀུན་ལ་ཁྱབ་པ་ཡོད་པ་ནི་གཅིག་ཀྱང་མ་མཐོང་ངོ། །རིགས་པ་བཞིའི་ནང་ནས་ཁ་ཚ་ཤོས་དེ་སྙན་ངག་མེ་ལོང་མའི་འགྲེལ་བྱེད་ཏརུཎབཱཅསྤཏི་སྟེ་གཞོན་ནུ་ངག་བདག་གི་ལུང་དེ་རེད་འདུག གཞན་གསུམ་ལ་ནི་བསམ་བློ་རྒྱ་ཆེ་གཏོང་རིན་ཆོག་པ་ཡང་མི་འདུག་གོ །

སྙན་ངག་སྤྱི་དོན་ལས།[5] ཏ་རུ་ཎ་བཱ་སྤ་ཏི་གཞོན་ནུ་ངག་བདག་བྱ་བས་ཞེས་པ་ནི་ཡི་གེ་མ་དག་སྟེ་ཏརུཎབཱཅསྤཏི་གཞོན་ནུ་ངག་བདག་བྱ་བས་ཞེས་པར་བཅོས་དགོས་སྙམ་མོ། །དེ་བཞིན་དུ་བོད་ཀྱི་མེ་ལོང་མའི་འགྲེལ་པ་རྣམས་སུ་སློབ་དཔོན་བྷཱ་མ་ཧ་མཆོག་སློབ་དཔོན་དཎྜིའི་སྔོན་ལ་བྱུང་བ་ལྟར་བྲིས་པ་ནི་ཤིན་ཏུ་དཔྱད་འོས་སོ་སྙམ། དེས་ན་སློབ་དཔོན་དཎྜིའི་མེ་ལོང་མ་ནི་རྒྱན་གྱི་བསྟན་བཅོས་རྙིང་ཤོས་དང་ཕྲིན་ལས་ཆེ་ཤོས་སུ་མཐོང། དེ་ཡང་རྒྱན་གཞུང་སྔ་ཤོས་མ་ཟད་ཕྲིན་ལས་ཀྱང་ཆེ་ཤོས་ཡིན་ཏེ། མེ་ལོང་མ་རྒྱ་གར་དུ་ཁྱབ་པ་མ་ཟད་བལ་པོ་དང་བོད་དང་ཧོར་དང་སིཾ་ཧལ་ལ་སོགས་སུ་ཁྱབ་པའི་བདེན་པའི་ལོ་རྒྱུས་རྣམས་དེའི་སྒྲུབ་བྱེད་ཡིན་ནོ། །

ལྷག་ཏུ་བདག་ཅག་ནང་པ་རྣམས་ཀྱིས་དཎྜིའི་མེ་ལོང་མ་ལ་གཅེས་སྐྱོང་ངེས་པར་དགོས་ཏེ། སྙན་ངག་མེ་ལོང་མ་ནི་ནཱལནྡཱའི་ནང་པའི་མཁས་པ་བྷ๗ྀཧརི་[6]བྱ་བ་དེའི་རྗེས་སུ་འབྲངས་ནས་བརྩམས་པར་གྲགས་ཞེས་དྲན་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་གསུངས་སོ། །གང་ལྟར་མེ་ལོང་མ་རྒྱ་གར་དུ་དར་ཁྱབ་ཆེ་བ་ལ་སོགས་པའི་རྒྱུ་ཅན་ལས་རྒྱ་གར་དུ་རྒྱན་གྱི་འཕེལ་རིམ་འདི་ལྟར་མཐོང་སྟེ། དབྱུག་པ་ཅན་གྱི་མེ་ལོང་མའི་ནང་རྒྱན་སོ་བདུན་དང། སློབ་དཔོན་བྷཱ་མ་ཧས་མཛད་པའི་སྙན་ངག་རྒྱན་ལས་རྒྱན་སོ་བརྒྱད་ཀྱི་ཐ་སྙད་མཐོང། སློབ་དཔོན་ཝཱ་མན་གྱིས་མཛད་པའི་རྒྱན་མདོ་ལས་རྒྱན་སོ་གསུམ་དང། སློབ་དཔོན་ཨུབྷདཏ་མཆོག་གི་རྒྱན་མཆོག་བཏུས་ལས་རྒྱན་ཞེ་གཅིག་དང། སློབ་དཔོན་རུདྲཏ་མཆོག་གིས་མཛད་པའི་སྙན་ངག་རྒྱན་ལས་རྒྱན་ཉེར་དྲུག་དང། ངག་གི་ལྷ་མོའི་སྤྲུལ་པར་གྲགས་པའི་སློབ་དཔོན་མམྨཊ་མཆོག་གིས་མཛད་པའི་སྙན་ངག་རབ་གསལ་ལས་རྒྱན་དྲུག་ཅུ་རེ་དགུ་གསུངས་སོ། །

གོང་གི་དེ་དག་ནི་དུས་རབས་དྲུག་པ་ནས་བཅུ་གཉིས་པ་ཙམ་གྱི་བར་གྱི་རྒྱན་གྱི་འཕེལ་རིམ་ཡིན། མདོར་ན་ཞིབ་ཏུ་བལྟས་ཚེ་རྒྱན་གྱི་གྲངས་ངེས་ལ་མེ་ལོང་མ་དང་བྷཱ་མ་ཧ་གཉིས་ཀྱིས་གསུངས་པ་ལས་གཞན་མི་དགོས་ནའང་ཤིན་ཏུ་སྣ་ཚོགས་པའི་ངག་གི་འགྲེལ་བརྗོད་དབང་གིས་སྣ་ཚོགས་པའི་རྒྱན་གསར་མང་པོ་འབྱུང་ཞིང་འཕེལ་བའང་ཆོས་ཉིད་ལྟ་བུ་ཡིན། རྒྱུ་མཚན་འདི་རྣམས་ལ་དགོངས་ནས་སློབ་དཔོན་དབྱུག་པ་ཅན་གྱི་ཞལ་སྔ་ནས།[7] ཇི་སྐད་དུ། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །ཞེས་དང། སློབ་དཔོན་ཨཱནནྡ་ཝརྡྷན་ཏེ་ཀུན་དགའ་འཕེལ་གྱི་ཞལ་སྔ་ནས།[8] ཇི་སྐད་དུ། སཧསྟྲཤོ ཧི མཧཱཏྨབྷིརནྱཻལངྐཱརཔྲཀཱརཱཿ པྲཀཱཤིཏཱཿ, པྲཀཱཤྱནྟེ ཡ། རྒྱན་གྱི་སྡེ་ཚན་སྟོང་ཕྲག་དག་ནི་མཁས་དབང་གཞན་གྱིས་གསལ་བར་མཛད་ཅིང་མ་འོངས་པ་ཡི་དུས་སུ་ཡང་མང་པོ་རབ་ཏུ་སྣང་བར་འགྱུར། །(དོན་འགྱུར།) ཞེས་གསུངས་སོ། །དེ་ལྟར་གསུངས་པ་བཞིན་རྒྱན་གྱི་གྲངས་མ་འདྲ་བ་གཞན་དང་གཞན་གསར་པ་ཤིན་ཏུ་མྱུར་བའི་ཚུལ་གྱིས་འཕེལ་རྒྱས་བྱུང། དེ་ཡང་དུས་རབས་བཅུ་གཉིས་པ་ནས་དུས་རབས་བཅོ་བརྒྱད་པའི་བར་གྱི་མཁས་དབང་རྣམས་ཀྱིས་བརྩམས་པའི་རྒྱན་གྱི་བསྟན་བཅོས་ནང་དུ་རྒྱན་གྱི་གྲངས་ཚུལ་འདི་ལྟར། སློབ་དཔོན་ཇཡདེཝ་[9]སྟེ་རྒྱལ་བའི་ལྷས་ཚིག་རྒྱན་བརྒྱད་དང་དོན་རྒྱན་གྱ་གཅིག་སྟེ་བསྡོམས་པས་གོ་གཅིག་བཞེད། དེ་ཡང་སློབ་དཔོན་མམྨཊ་མཆོག་གིས་བཞེད་པའི་རྒྱན་རེ་དགུ་ལས་གསུམ་ཕར་འཐེན་ནས་ལྷག་མ་དྲུག་ཅུ་རེ་དྲུག་དང་དེའི་འཕྲོས་རྣམས་རྒྱལ་བའི་ལྷ་རང་གིས་གསར་རྩོམ་མཛད། མཁས་དབང་ཝིཤྺནཱཐ་[10]མཆོག་གིས་ཚིག་རྒྱན་བཅུ་གཉིས་དང་དོན་རྒྱན་བདུན་ཅུ་དང། རསཝད་ལ་སོགས་རྒྱན་བདུན་བཅས་བསྡོམས་པས་རྒྱན་གྱ་དགུ་བཞེད། དེ་ཡང་གྱ་དགུ་ལས་རྒྱན་གྱ་བཞི་ནི་སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་པའི་རྒྱན་ད་ག་རང་དང་ལྔ་ནི་ཁོང་རང་གིས་གསར་རྩོམ་མཛད། ཝཱགྨཊ་[11]གཉིས་པས་ནི་སྔོན་གྱི་རྒྱན་གྲངས་དེའི་སྟེང་དུ་རྒྱན་གསར་པ་གཉིས་བསྣན་པར་མཛད། མཁས་དབང་ཨཔྤཡྻདཱིཀྵིཏ་[12]མཆོག་གིས་ཁྱོན་བསྡོམས་རྒྱན་བརྒྱ་དང་བཅོ་བརྒྱད་བཞེད། མཁས་དབང་པཎྜིཏརཱཇ་ཇགནྣཱཐ་[13]མཆོག་གིས་མཛད་པའི་རསགངྒཱདྷར་ནི་རྩོམ་འཕྲོ་ཅན་ཡིན་དུས་ཁོང་གིས་བཞེད་པའི་རྒྱན་གྱི་གྲངས་ནི་ངེས་དཀའ་བའི་གནས་སུ་མཐོང། གང་ལྟར་འདི་བར་གྱི་བྱུང་རིམ་ལ་བརྟགས་ན་སྔོན་གྱི་མཁས་དབང་རྣམས་ཀྱིས་རྒྱན་དེ་རྣམས་ཀྱི་སྡེ་ཚན་ལ་ཤབྡཱལངྐཱར་ཏེ་སྒྲ་རྒྱན་དང། ཨརྠཱལངྐཱར་ཏེ་དོན་རྒྱན་དང། ཨུབྷཡཱལངྐཱར་ཏེ་གཉིས་ཀའི་རྒྱན་ཏེ་གསུམ་དུ་ཕྱེ་བར་མཛད་པ་ལྟ་བུར་མཐོང་ངོ། །མཐའ་མར་ཉེ་བའི་དུས་ཀྱི་དཔྱོད་པ་བ་རྣམས་ཀྱིས་རྒྱན་གྱི་སྡེ་ཚན་ལ། ཨུཔམཱམཱུལཀ་སྟེ་དཔེ་ཡི་རྩ་བ་ཅན་དང། ཨཱརོཔམཱུལཀ་སྟེ་ཆེས་བརྩེགས་ཀྱི་རྩ་བ་ཅན་དང། ཨདྷྱབསཱཡམཱུལཀ་སྟེ་ངོས་འཛིན་གྱི་རྩ་བ་ཅན་དང། གམྱམཱནསཱདྲྀཤྱམཱུལཀ་སྟེ་བརྡ་སྟོན་འདྲ་མཚུངས་ཀྱི་རྩ་བ་ཅན་དང། བྷེདམཱུལཀ་སྟེ་ཁྱད་རྣམ་གྱི་རྩ་བ་ཅན་དང། བིཤེཥཎཱདིབཻཅིཉྱམཱུལཀ་སྟེ་བཀྲ་བཟོས་ཡོན་ཏན་གྱི་རྩ་བ་ཅན་དང། བིརོདྷམཱུལཀ་སྟེ་མི་མཐུན་པའི་རྩ་བ་ཅན་དང། ཏརྐམཱུལཀ་སྟེ་རྒྱུ་མཚན་གྱི་རྩ་བ་ཅན་དང། ཀཱབྱནྱཱཡམཱུལཀ་སྟེ་སྙན་ངག་རིགས་པའི་རྩ་བ་ཅན་དང། ལོཀབྲྀཏྟོཔནྱཱསམཱུལཀ་སྟེ་འཇིག་རྟེན་སྤྱོད་ཚུལ་དང་འབྲེལ་བའི་རྩ་བ་ཅན་དང། གཱུཌྷཱརྴཅཱབྷིབྱཀྟིམཱུལཀ་སྟེ་བརྗིད་པའི་དོན་བཤད་ཀྱི་རྩ་བ་ཅན་དང། རསཱདིསམྦནྡྷམཱུལཀ་སྟེ་ཉམས་སོགས་ཀྱི་རྩ་བ་ཅན་ཏེ་སྡེ་ཚན་བཅུ་གཉིས་སུ་ཕྱེ་བར་མཐོང་ངོ། །

གཉིས་པ་དཎྜིའི་ལོ་དུས་བཞེད་ཚུལ་ལ་ས་བཅད་བཞི་སྟེ། སྡིག་མེད་དང་ཉག་ཕྲན་རྗེའི་རྗེས་སུ་བྱུང་བར་འདོད་པ། འདས་ལོའི་དུས་རབས་བརྒྱད་པར་བྱོན་པར་འདོད་པ། དུས་རབས་བདུན་པའི་སྨད་ཆ་ཙམ་ལ་བྱུང་བར་འདོད་པ། དུས་རབས་དྲུག་པའི་ནང་ལ་བྱུང་བར་འདོད་པ་དང་བཞི་ལས། དང་པོ་སྡིག་མེད་དང་ཉག་ཕྲན་རྗེའི་རྗེས་སུ་བྱུང་བར་འདོད་པ་ནི། སྙན་ངག་མེ་ལོང་མ་[14]ལས། རིན་ཆེན་རྩིག་པ་ལ་འཕོས་པའི། །གཟུགས་བརྙན་བརྒྱ་ཡིས་བསྐོར་གྱུར་པ། །ལངྐའི་དབང་ཕྱུག་དེ་ཁོ་ན། །ཨཉྫན་བུས་དཀའ་བས་ཤེས། །ཞེས་གསུངས་པ་འདི་ནི་མཁས་པ་མཱགྷ་[15]མཆོག་གི་ཞལ་སྔ་ནས། རཏྣསྟམྦྷེཥུསངཀྲཱནྟཔྲཏིམཱསྟེཅཀཱཤིརེ། ཨེཀཱཀིནོ྅པིཔརིཏཿཔཽརུཥེཡབྲྀཏཱཨིབ། །གཅིག་ཉིད་ཡིན་ཀྱང་གང་གི་བརྙན། །རིན་ཆེན་ཀ་དག་ལ་འཕོས་ཚེ། །མི་ཡི་ཚོགས་ཀྱིས་བསྐོར་གྱུར་པ། །དང་འདྲ་དག་ཏུ་མཐོང་བར་འགྱུར། །(དོན་འགྱུར།) ཞེས་གསུངས་པའི་ཚིགས་བཅད་དང་འདྲ་བས་དཎྜིས་དེ་ལས་དཔེ་བཤུས་པ་དང། ཡང་སྙན་ངག་མེ་ལོང་མ་[16]ལས། རིན་ཆེན་སྣང་བས་མི་འཕྲོགས་ཤིང། །ཉི་མའི་འོད་ཀྱིས་མི་བཟློག་པ། །ལང་ཚོ་ལས་བྱུང་ན་ཆུང་གི །མུན་པས་ལྟ་བ་འགོག་པར་བྱེད། །ཅེས་གསུངས་པ་འདི་ནི་བཱཎབྷཊྚ་[17]མཆོག་གི་ཞལ་སྔ་ནས། ཨབྷཱནུ མེདྷྱམརཏྣཱལོཀོ ཀོཅྖེདྷྱམཔྲདཱིཔཔྲབྷཱཔནེཡམཏིགཧནཾ ཧི ཏམོ ཡཽབནཔྲབྷབམ། ལང་ཚོ་ལས་བྱུང་ན་ཆུང་གི་མུན་སྟུག་ནི་ཉི་མས་མི་བཟློག་པ་དང་རིན་ཆེན་འོད་ཀྱིས་མི་ཞི་ཞིང་མར་མེའི་འོད་ཀྱིས་ཀྱང་འགོག་པར་དཀའ། །(དོན་འགྱུར།) ཞེས་གསུངས་པ་དང་འདྲ་བས་དཎྜིས་དེ་ལས་དཔེ་བཤུས་སོ། །དེས་ན་དཔེ་གཤུ་བ་པོ་སློབ་དཔོན་དཎྜིའི་ལོ་དུས་ནི་དཔེ་བཤུ་ས་མཁས་དབང་མཱགྷ་སྟེ་སྡིག་མེད་དང་བཱཎབྷཊྚ་སྟེ་ཉག་ཕྲན་རྗེའི་མཇུག་ལ་ངོས་འཛིན་མཛད་དགོས་པ་ཡིན་ཞེས་མཁས་པ་ཁ་ཅིག་བཞེད། དེ་ནི་ཤིན་ཏུ་མི་འཐད་དེ། འདྲ་མཚུངས་ཙམ་གྱིས་དེ་ལྟར་ཐག་བཅད་པ་ནི་མི་རུང་བ་ཡིན་ཞེས་སྙན་ངག་མེ་ལོང་མའི་འགྲེལ་པ་རྩོམ་མི་རྒྱ་གར་གྱི་མཁས་པ་ཤྲཱིརཱམཅནྡྲམིཤྲཿ མཆོག་གིས་གསུངས་སོ། །[18]གཉིས་པ་འདས་ལོའི་དུས་རབས་བརྒྱད་པར་བྱོན་པར་འདོད་པ་ནི། ཁ་ཅིག་གིས་བསྒྲུབ་བྱ་འདི་ལ་སྒྲུབ་བྱེད་ལྔ་འགོད་དོ། །

འོ་ན་སྒྲུབ་བྱེད་ལྔ་པོ་དེ་གང་ཞེ་ན། དེ་ནི་རིམ་པ་བཞིན་ཞུ་ན།

ཀ༽ དུས་རབས་བཅུ་པའི་ནང་བྱོན་པའི་མཁས་པ་ཨབྷིནབགུཔྟ་མཆོག་གི་ཞལ་སྔ་[19]ནས། ཡཐཱདཎྜི - གདྷྱཔདྷྱམཡི ཅམྤཱུཿ[20] ཇི་ལྟར་དཎྜིས་གསུངས་པ་ལྟར་ལྷུག་པ་དང་ཚིགས་བཅད་བསྲེས་པའི་རང་བཞིན་ཅན་ནི་ཅམྤཱུ་སྟེ་སྤེལ་མ་དང་ཞེས་གསུངས་པ་དང། (དོན་འགྱུར།)

ཁ༽ ཡང་དུས་རབས་བཅུ་པའི་དབུ་སྟོད་ཀྱི་དཀྱིལ་ཙམ་ལ་ཕེབས་པའི་པྲཏིཧཱརེནྡུརཱཇ་མཆོག་གི་ཞལ་སྔ་[21]ནས། ཨཏ ཨེབ དཎྜིནཱ - ལིམྤཏཱིཡ ཨིཏྱཱདི།[22] དེའི་ཕྱིར་ན་དཎྜིའི་ཞལ་སྔ་ནས། དཔེར་ན་བསྐུ་བྱུག་ལ་སོགས་ཞེས་གསུངས་པ་དང། (དོན་འགྱུར།) ག༽ ཡང་ལྷོ་ཕྱོགས་ཀནྣཌའི་སྐད་ཐོག་ཀབིརཱཇམཱརྒ་ཞེས་པའི་གཞུང་ཞིག་ཡོད། དེ་ནི་རཱཥྚྲཀུཊ་ཞེས་པའི་རྒྱལ་ཁམས་ཀྱི་རྒྱལ་སྲས་ཨམོགྷབརྵ་མཆོག་གིས་བརྩམས་པར་གྲགས། གཞུང་དེའི་རྩོམ་གཞི་ཆ་ཚང་དཎྜིའི་སྙན་ངག་མེ་ལོང་མ་ཡིན་པར་གཞུང་ཁོ་རང་བལྟས་པས་ཤེས། རྒྱལ་སྲས་དེའི་ལོ་དུས་ནི་འདས་ལོ་ ༨༡༥ ནས་ ༨༧༥ བར་ལ་ཡིན་པས་དེ་འདྲའི་གཞུང་དང་ལོ་དུས་དེ་དང།

ང༽ རཱཇཱསེན་དང་པོས་སིཾཧལི་ཡི་སྐད་དུ་སྭབྷཱཥཱལངྐཱར་ཞེས་པའི་གཞུང་བརྩམས། སིཾཧལི་ཡི་རྒྱུད་ཆེན་པོ་ལྟར་ན་བསྟན་བཅོས་དེའི་བརྩམས་དུས་ནི་འདས་ལོ་ ༨༤༦ ནས་ ༨༦༦ བར་ལ་ཡིན་གསུངས། གཞུང་དེས་སྙན་ངག་མེ་ལོང་མ་ལ་གཞིར་བཞག་ནས་བརྩམས་པར་མཛད་པ་མ་ཟད་མེ་ལོང་མའི་མཚན་དེ་ཡང་ཡང་བརྗོད་འདུག་པས་དེ་འདྲའི་གཞུང་དང་ལོ་དུས་དང།

ཅ༽ སློབ་དཔོན་བཱམན་མཆོག་གིས་ཀཱབྱཱལངྐཱརསཱུཏྲ་ནང་དུ་འཇུག་པའི་ཡན་ལག་ལ་སྙན་ངག་གི་སྲོག་བདག་ཏུ་ངོས་བཟུང་ནས་ཞིབ་བཤད་མཛད། དཎྜིའི་གཞུང་དུ་འཇུག་པའི་ཡན་ལག་ལ་ལམ་ལུགས་སུ་གསལ། གང་ཡིན་ཞུ་ན། སློབ་དཔོན་དཎྜིའི་ཚེ་འཇུག་པའི་ཡན་ལག་ཅེས་པ་དེ་ཡོངས་ཁྱབ་མེད། བྱས་ཙང་དཎྜིས་ལམ་ལུགས་གཉིས་རང་བདམས། ཡིན་ནའང་བཱམན་གྱིས་དེའིི་ཚབ་ལ་འཇུག་པའི་ཡན་ལག་གསུམ་ཞལ་གྱིས་བཞེས། འདི་ལ་བལྟས་ན་དཎྜི་སློབ་དཔོན་བཱམན་གྱི་སྔོན་ལ་བྱོན་པར་རྟོགས་ཐུབ། བཱམན་གྱི་ལོ་དུས་ནི་རྒྱལ་པོ་ཇཡཱཔཱིཌ་མཆོག་གི་རྒྱལ་དུས་འདས་ལོ་ ༧༧༩ ནས་ ༨༡༣ བར་ལ་ཡིན་པས་དེ་འདྲའི་ལོ་དུས་དེ་དང་བཅས་པའི་གོང་ཞུས་སྒྲུབ་བྱེད་ལྔ་ལ་བརྟེན་ནས་སློབ་དཔོན་དཎྜི་མཆོག་དུས་རབས་བརྒྱད་པར་བྱོན་པར་མཁས་པ་ཁ་ཅིག་བཞེད[23]། །འོ་ན་སྒྲུབ་བྱེད་དེ་རྣམས་ལ་ཁྱབ་པ་ཡོད་དམ་ཞེ་ན། ཤིན་ཏུ་དཀའ་སྟེ། གོང་ཞུས་མཁས་པ་ལྔ་པོས་དཎྜིའི་ལུང་དྲངས་པ་སོགས་ལ་བརྟེན་ནས་སློབ་དཔོན་དཎྜི་ཁོང་དུས་རབས་བརྒྱད་པ་ཅན་དུ་བསྒྲུབས་པ་ནི་ཤིན་ཏུ་ངལ་བའི་གནས་སོ། །

གསུམ་པ་དུས་རབས་བདུན་པའི་སྨད་ཆ་ཙམ་ལ་བྱུང་བར་འདོད་པ་ནི། ཁ་ཅིག་གིས་བསྒྲུབ་བྱ་འདི་ལ་སྒྲུབ་བྱེད་བཞི་འགོད་དོ། །འོ་ན་སྒྲུབ་བྱེད་བཞི་པོ་དེ་གང་ཞེ་ན། དེ་ནི་རིམ་པ་ལྟར།

ཀ༽ ཨབནྟིསུནྡརཱིཀཐཱ་ཞེས་པའི་བརྩམས་གཞུང་ནང་སློབ་དཔོན་དཎྜི་མཆོག་ནི་བྷཱརབཱི་མཆོག་གི་རྒྱུད་འཛིན་དུ་གསུངས། དེ་ཡང་བྷཱརབི་མཆོག་གི་ཡབ་ནི་ནཱརཱཡཎསྭཱམཱི་ཡིན། ཁོང་དང་ཐོག་གུཇརཱཏ་ལ་བཞུགས་ཀྱི་ཡོད། དེ་ནས་ཁོང་ལྷོ་ཕྱོགས་ཨཅལཔུར་ཞེས་པར་གནས་སྤོས་མཛད་དེ་བཞུགས། སྔོན་གྱི་ཨཅལཔུར་ལ་དེང་དུས་ཨེལིཅཔུར་ཞེས་འབོད། ནཱརཱཡཎསྭཱམཱི་ཡི་བུ་བྷཱརབི་མཆོག་གི་བུ་ནི་མནོརཐ་ཡིན། དེའི་བུ་བཱིརདཏྟ་དང་ཆུང་མ་གཽརཱི་གཉིས་ལས་སློབ་དཔོན་དཎྜི་འཁྲུངས་སོ། །དེས་ན་བྷཱརབི་འདས་ལོ་ ༦༣༤ ཡི་སྔོན་ལ་ཡིན། དེ་ནས་མི་རྒྱུད་རེའི་བར་ལ་ལོ་ཉི་ཤུ་རེ་བཞག་ན་དཎྜིའི་ལོ་དུས་དེ་དུས་རབས་བདུན་པའི་མཐའ་དུས་ལ་འབྱོར་བ་དང།

ཁ༽ ཡང་སྙན་ངག་མེ་ལོང་མ་ལས།[24] མངོན་སུམ་བྱས་པའི་ལྷ་ལ་ནི། །རྒྱལ་པོ་དགའ་བའི་གོ་ཆ་ཡིས། །རབ་ཏུ་དགའ་བ་གསལ་བྱས་གང། །དེ་ཡང་དགའ་བར་རྗེས་རྟོགས་བྱ། །ཞེས་པ་འདིའི་སྐབས་སུ་རྒྱལ་པོ་རཱཏབརྨཱའམ་ཡང་ན་རཱཇབརྨཱ་ཞེས་པ་བྱུང། བོད་ཀྱི་སྙན་འགྲེལ་རྣམས་སུ་རཱཇབརྨཱ་དང་རཱཏབརྨཱ་ཞེས་མཚན་མ་འདྲ་བ་གཉིས་བྱུང་བ་ལྟར་དེང་དུས་མེ་ལོང་མའི་རྒྱ་འགྲེལ་རྣམས་སུ་ཡང་དེ་བཞིན་དུ་མཚན་གཉིས་བྱུང་ངོ། །དེ་ནི་པལླབ་རྒྱལ་ཁམས་ཀྱི་རྒྱལ་པོ་ནྲསིཾཧབརྨཱ་མཆོག་གི་མཚན་གཞན་ཡིན། ནྲསིཾཧབརྨཱ་ནི་པལླབ་རྒྱལ་ཁམས་ཀྱི་རྒྱལ་པོ་གཉིས་པ་ཡིན་ནོ། །དེའི་ཚེ་ཀཱནྩཱི་ཡི་རྒྱལ་པོའི་མདུན་ན་འདོན་ཆེན་པོར་སློབ་དཔོན་དཎྜི་བཞུགས་པ་དང།

ག༽ ཡང་སྙན་ངག་མེ་ལོང་མ་ལས།[25] ཨ་བནྟི་དེ་བདག་གིས་ནི། །སྐྱེ་འདི་ཉིད་ལ་ཐོབ་ཅི་ལྟར། །ཞེས་པ་འདིའི་སྐབས་སུ་ཨབནྟཱི་རྒྱལ་ཁམས་ཀྱི་རྒྱལ་པོའི་སྲས་མོའི་གླེང་མོ་བྱུང་བ་དང།

ང༽ ཡང་སྙན་ངག་མེ་ལོང་མ་ལས།[26] གང་ཞིག་སྦྲུལ་མཆོག་སྟེང་གནས་ཤིང། །ཕག་པས་བཟུང་བས་ས་འདི་ནི། །རྒྱལ་པོའི་ཚོགས་ལས་རབ་བླངས་ནས། །ད་ལྟ་ཁྱེད་ཀྱི་ལག་པས་བཟུང། །ཞེས་པ་འདིའི་སྐབས་སུ་བརཱཧ་སྟེ་ཕག་རྒོད་དེ་ཅཱལུཀྱའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་རྣམས་ཀྱི་རྒྱལ་དར་གྱི་རྟགས་ཡིན་པར་མཚོན་པ་དང། དེ་བཞིན་དུ་སྙན་ངག་མེ་ལོང་མའི་ལེའུ་གསུམ་པའི་ཟུང་ལྡན་གྱི་ཚེ་ཡོང་བའི་ཀཱལ་ཀཱལ་ཏེ་འཆི་བདག་འཇོམས་བྱེད་ཅེས་པ་ཡང་ཀཱནྩཱི་ཡི་རྒྱལ་པོ་ནརསིཾཧབརྨཱ་མཆོག་གི་ཆེ་ཁྱད་མཚོན་བྱེད་ཡིན་པ་དང། ད་དུང་མེ་ལོང་མ་ལེའུ་གསུམ་པའི་ནང་གི་གབ་ཚིག་གི་རྒྱན་གྱི་སྐབས་སུ་ཀཱནྩཱི་དང་པལླབ་ཡུལ་གྱི་རྒྱལ་པོའི་མཚན་ཡང་བྱུང་བ་སྟེ་རྒྱུ་མཚན་འདི་བཞི་ལ་བརྟེན་ནས་སློབ་དཔོན་དཎྜིའི་བྱུང་དུས་དུས་རབས་བདུན་པའི་སྨད་ཆ་ཙམ་ལ་རུང་བ་ཡིན་ཞེས་མཁས་པ་ཁ་ཅིག་བཞེད་དོ།[27] །བཞེད་ཚུལ་འདི་ཡང་བསམ་བློ་གཏོང་རིན་ཆོག་པ་ལྟ་བུར་བདག་གིས་མཐོང། མཁས་པ་རྣམས་ཀྱིས་ཀྱང་དཔྱད་མཛོད་ཞུ།

བཞི་པ། དུས་རབས་དྲུག་པའི་ནང་ལ་བྱུང་བར་འདོད་པ་ནི། ཁ་ཅིག་བསྒྲུབ་བྱ་འདི་ལ་སྒྲུབ་བྱེད་གཉིས་འགོད་དོ། །འོ་ན་གཉིས་པོ་གང་ཞེ་ན། དེ་ནི་རིམ་པ་ལྟར། ཀ༽ བཙུན་མོ་ཆེན་མོ་བིཛྫིཀཱ་མཆོག་དང་འབྲེལ་བའི་ཚིགས་བཅད་ལས།[28] ནཱིལོཏྤལདལཤྱཱམཱཾབིཛྫིཀཱཾམཱམཇཱནཏཱ། བྲྀཐཻབདཎྜིནཱཔྲོཀྟཱསརྦཤུཀླཱསརསྭཏཱི། །འདབ་མ་གནག་ལྡན་ཨུཏྤལ་སྔོ། །བི་ཛྫི་ཀཱ་བདག་མ་ཤེས་པར། །དཎྜིས་ས་ར་སྭ་ཏཱི་ཉིད། །གཙང་ཞིང་ཡོངས་དཀར་ལོག་པར་བསྒྲགས། །(དོན་འགྱུར།) ཞེས་པའི་ཞལ་ཉེས་ཤིག་དཎྜི་ལ་བྱུང། དེས་ན་འདི་ལྟའི་ཞལ་ཉེས་ནི། ཇི་སྐད་དུ། གདོང་བཞི་གདོང་གི་པད་ཚལ་གྱི། །ངང་པའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་ནི་ཁོ་བོ་ཡི། །ཡིད་ལ་རིང་དུ་རོལ་བར་མཛོད། །ཅེས་པའི་སྙན་ངག་མེ་མོང་མའི་ཤིས་བརྗོད་ཀྱི་ཚིགས་བཅད་མཇལ་ནས་བྱུང་བ་ཡིན་པ་ལ་ཐེ་ཚོམ་མེད། བཙུན་མོ་བིཛྫིཀཱ་ནི་ཅཱལུཀྱབིཀྲམཱདིཏྱ་དང་པོའི་སྤུན་རྒན་པ་རྒྱལ་པོ་ཅནྡྲཱདིཏྱ་མཆོག་གི་བཙུན་མོ་ཡིན། རྒྱལ་པོ་ཅནྡྲཱདིཏྱ་ནི་རྒྱལ་པོ་པུལཀེཤཱི་གཉིས་པའི་སྲས་ཡིན། རྒྱལ་པོ་པུལཀེཤཱི་གཉིས་པའི་ལོ་དུས་ནི་འདས་ལོ་ ༦༦༠ ལ་ངེས་པ་ཡིན། འདིའི་དེ་ལྟ་བུར་བྱུང་བའི་ཚུལ་ལ་ཞིབ་ཏུ་བལྟས་ན་སློབ་དཔོན་དཎྜི་ནི་དེའི་སྔོན་དུ་བྱུང་བར་ལས་སླ་པོར་རྟོགས་ཐུབ་པ་དང།

ཁ༽ ཚིག་ལྷུག་ཏུ་ཡོད་པའི་གྲགས་ཆེན་གྱི་སྙན་རྩོམ་བཱསབདཏྟཱ་ཞེས་པའི་མཛད་པ་པོ་སུབནྡྷུ་མཆོག་[29]ནི་དུས་རབས་དྲུག་པའི་ནང་བྱོན་པའི་སྙན་ངག་པ་གྲགས་ཅན་ཞིག་ཡིན། ཁོང་གིས་སྙན་ངག་མེ་ལོང་ལེའུ་དང་པོ་ལས།

ཆནྡཱབིཅིཏྱཱཾ སཀལསྟཏྤྲཔནྩོནིདརྴིཏ། དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །ཞེས་པ་འདི་གཟིགས་ནས་སློབ་དཔོན་དཎྜིས་ཆནྡོབིཅིཏི་སྟེ་སྡེབ་སྦྱོར་རྣམ་བཀྲ་ཞེས་པའི་གཞུང་ཟུར་པ་ཞིག་མཛད་ཡོད་པ་ལྟར་བྱས་ནས་སྡེབ་སྦྱོར་གྱི་གཞུང་དེ་ཡང་ཡང་མཚན་འབོད་གནང་འདུག དེ་ཡང་ཁོང་གི་ཞལ་སྔ་ནས།[30] ཆནྡོབིཅིཏིརིབཀུསུམབིཅིཏྲཱ། ཆནྡོབིཅིཏིརིབམཱལིནཱིསནཱཐཱ། །ཇི་ལྟར་སྡེབ་སྦྱོར་རྣམ་བཀྲ་ནི་མེ་ཏོག་རྣམ་བཀྲས་བཅིངས་པ་ལྟར་(བཱསབདཏྟཱ་[31])ནི་མེ་ཏོག་གིས་མཛེས་པར་བརྒྱན་ཅིང་དེ་བཞིན་སྡེབ་སྦྱོར་རྣམ་བཀྲ་ལ་ཕྲེང་ལྡན་ཡོད་པ་ལྟར (བཱསབདཏྟཱ) ལ་མེ་ཏོག་འཚོང་འདེབ་མཛེས་མའི་འཁོར་དང་ལྡན་པ་ཡིན། ། (དོན་འགྱུར།) ཞེས་གསུངས་སོ། །རྒྱུ་མཚན་དེ་གཉིས་ལ་བརྟེན་ནས་སློབ་དཔོན་དཎྜིའི་ལོ་དུས་ནི་དུས་རབས་དྲུག་པར་ངེས་པ་ཡིན་ནོ་ཞེས་ཁ་ཅིག་འདོད[32]། །ཚུལ་འདི་འཐད་ལྡན་དུ་བཞེད་མཁན་ནུབ་ཕྱོགས་པའི་མཁས་དབང་མེཀྶི་མུ་ལར་དང། བེ་བར་དང། མེཀ་ཌོ་ནལ་དང། ཀར་ནལ་ཇེ་ཀབ་ལ་སོགས་ཤིན་ཏུ་མང་ངོ། །ཁོ་བོའི་རྟོག་པ་ལ་ཡང་དེ་རང་འཐད་ལྡན་དུ་མཐོང། ཡིན་ནའང་དྲན་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་སྔ་ནས། དེ་ལྟར་ན་རང་རེའི་སྲོང་བཙན་དང་དཎྜི་གཉིས་དུས་མཉམ་ཞེས་གསུངས་སོ། །དེས་ན་མཁས་དབང་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་སྙན་ངག་སྤྱི་དོན་ལས། སློབ་དཔོན་དཎྜི་འདི་རབ་བྱུང་གསུམ་པའི་ཕྱེད་ཕྱི་མ་ཙམ་སྟེ་དུས་རབས་བཅུ་གཉིས་པའི་སྨད་ཙམ་དུ་བྱུང་ངོ་ཞེས་པ་ནི་ཡི་གེ་མཁན་གྱི་ཡིག་ནོར་ཆེན་པོ་ཡིན་ནོ་སྙམ་མོ། །

གསུམ་པ། དཎྜིའི་འཁྲུངས་ཡུལ་ལྷོ་ལྗོངས་ནི། སྔོན་ཞུས་བཞིན་དཎྜིའི་མེས་པོས་རྒྱ་གར་གུཇརཱཏ་ཕྱོགས་ཀྱི་ཨཱནནྡཔུར་ནས་ཐོན་ནས་རྒྱ་གར་ལྷོ་ཕྱོགས་ཨཅལཔུར་ཞེས་པ་རུ་གཞིས་ཆགས། དེར་དང་པོར་ཕེབས་མི་ངོ་མ་ནི་དཎྜིའི་མེས་པོ་གོང་མའི་གོང་མ་ཡིན། དཎྜིའི་བརྩམས་གཞུང་ནས་ཀཱནྩཱི་དང། ཀཱབེརཱི་དང། ཅོལ་དང། མལཡཱནིལ་ལ་སོགས་ལྷོ་ཕྱོགས་ཀྱི་ས་གནས་གྲགས་ཆེན་རྣམས་གསལ་བ་དེས་ཁོང་གི་འཁྲུངས་ཡུལ་ལྷོ་ཕྱོགས་དང་ཁོང་རྒྱ་གར་ལྷོ་ཕྱོགས་པ་ཡིན་པའི་དན་རྟགས་འཁྲུལ་མེད་ཅིག་ཀྱང་ཡིན་ནོ། །ཡང་སྨྲ་བའི་དབང་ཕྱུག་ཚེ་ཏན་ཞབས་དྲུང་གིས་མཛད་པའི་སྙན་ངག་སྤྱི་དོན་ལས། གུ་ཛ་ར་ཐའི་ཡུལ་ཀུན་ཏའི་གྲོང་ཞེས་པའང་མ་དག་སྟེ། གུཇརཱཏའི་ཡུལ་ཀུན་དགའི་གྲོང་ཞེས་པར་བཅོས་དགོས་སྙམ།

བཞི་པ། དཎྜིའི་སྐུ་ཚེའི་ལོ་རྒྱུས་ནི། ཨབནྟིསུནྡཱརཱིཀཐཱ་དང་ཨབནྟིསུནྡརཱིཀཐཱསཱར་གཉིས་གཞི་ལ་བཞག་ན་མཁས་དབང་ནཱརཱཡཎསྭཱམཱི་སྟེ་བདག་པོ་སྲེད་མེད་ཀྱི་བུ་མཆོག་གི་སྲས་ནི་ཀིརཱཏཱརྗུན་སྟེ་རི་བྲག་པ་སྲིད་སྒྲུབ་ཅེས་པའི་གྲགས་ཆེན་སྙན་གཞུང་རྩོམ་མི་བྷཱརབཱི་[33]ཡིན། མཚན་གཞན་དཱམོདརསྭཱམཱི་[34]སྟེ་བདག་པོ་ཐ་གུའི་ལྟོ་ཞེས་ཀྱང་ཞུ། མཁས་མཆོག་བྷཱརབཱི་སྟེ་སྣང་བའི་ཉི་མ་ལ་སིཾཧབིཥྞུ་སྟེ་སེང་གེ་ཁྱབ་འཇུག་དང། མནོརཐ་སྟེ་ཡིད་ཀྱི་ཤིང་རྟ་དང། ཨཏིལོབྷ་སྟེ་འདོད་ཆེན་ཏེ་སྲས་གསུམ་བྱུང་བའི་བར་མའི་མཚན་ལ་མནོརཐ་སྟེ་ཡིད་ཀྱི་ཤིང་རྟ་ཞེས་ཟེར། བར་མ་མནོརཐ་[35]ལ་དཱམོདར་ཏེ་ཐ་གུའི་ལྟོ་དང། བྷབདཱས་ཏེ་དངོས་ཁོལ་དང། སིཾཧབིཥྞུ་སྟེ་སེང་གེ་ཁྱབ་འཇུག་དང། བཱིརདཏྟ་སྟེ་དཔའ་བོ་བྱིན་ཏེ་སྲས་བཞི་བྱུང་བའི་ཐ་ཆུང་ལ་ནི་བཱིརདཏྟ་སྟེ་དཔའ་བོ་བྱིན་ཞེས་ཞུ། དེས་ན་ཐ་ཆུང་བཱིར་དཏྟ་[36]དང་ཆུང་མ་སྐུ་བགྲེས་མཱཋར་རིགས་ལས་མཆེད་པ་གཽ་རཱི་སྟེ་དཀར་མོ་གཉིས་ལས་བུ་མོ་འགའ་ཞིག་འཁྲུངས་པའི་མཇུག་ཏུ་དཎྜི་འཁྲུངས་[37]སོ། །སློབ་དཔོན་དཎྜི་ནི་ཀཽཤིཀ་རིགས་ལས་མཆེད་པའི་བྲམ་ཟེ་ཞིག་ཡིན། དགུང་ལོ་བདུན་གྱི་ཚེ་ཡུམ་དགོངས་པ་རྫོགས། དབྱངས་ཅན་མ་དང་མཚུངས་པའི་པྲེཡསཱི་ཡིས་མ་མ་མཛད། དེ་ནས་མི་རིང་བར་ཡབ་ཀྱང་གྲོངས། དྭ་ཕྲུག་ཏུ་གྱུར། ཡིན་ནའང་རང་གི་མེས་པོ་གོང་མ་རྣམས་ཀྱི་སྦྱིན་བདག་ཀཱནྩཱིའི་རྒྱལ་པོ་རྣམས་ཀྱི་རྒྱལ་ས་ཀཱནྩཱི་ཞེས་པར་སློབ་གཉེར་གནང་བཞིན་རེ་ཞིག་བཞུགས། ནམ་ཞིག་ཀཱནྩཱི་ཅཱལུཀྱའི་རྒྱལ་པོའི་དཔུང་གིས་བཅོམ་པའི་ཚེ་ནགས་སུ་བྲོས་བྱོལ་དུ་ཕེབས། དམག་འཁྲུགས་བྱུང་དུས་འདས་ལོ་ ༦༥༥ ལ་ཡིན་ཞེས་ཟེར།[38] དེའི་ཚེ་སློབ་དཔོན་དཎྜི་མཆོག་ནི་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ཡིན། ཀཱནྩཱི་ནས་བྲོས་བྱོལ་རྗེས་ཐག་རིང་ཀེརལ་ལ་སོགས་ཡུལ་གྲུ་དུ་མར་ཕེབས་ཏེ་གུརུཀུལ་ཏེ་ལྕི་རིགས་སྣ་ཚོགས་པའི་ནང་དུ་སློབ་གཉེར་མཐར་ཕྱིན་མཛད་དེ་སྨྲ་བའི་དབང་ཕྱུག་ཏུ་གྱུར། དེའི་ཚེ་སློབ་དཔོན་དཎྜིས་རང་གི་མཆེད་གྲོགས་ཀེརལ་གྱི་མཁས་དབང་མཱཏྲྀདཏྟ་དང། དེབཤརྨཱ་དང། ཅོལའི་མཁས་དབང་རཱམཤརྨཱ་ལ་སོགས་རྣམས་དང་ཡང་ཟབ་འབྲེལ་བྱུང་སྲིད་ཅེས་རྒྱ་གར་མཁས་དབང་ཤིབནཱརཱཡཎཤཱསྟྲཱི་མཆོག་གསུངས་སོ།[39] །ནམ་ཞིག་པལླབ་རྣམས་ཀྱིས་ཀཱནྩཱི་སླར་ཐོབ་པའིི་ཚེ་ལོ་འཁོར་བཅུ་གཉིས་ཀྱི་རྗེས་དཎྜི་རང་ཡུལ་ཀཱནྩཱིའི་ཡུལ་དུ་ཕེབས། ཕ་མེས་ལྟར་པལླབ་རྒྱལ་པོའི་མདུན་ན་འདོན་ཆེན་པོར་གྱུར། དེ་འདྲའི་དུས་ཀྱི་འཁོར་ལོའི་འགྱུར་འགྲོས་ཤིག་གི་སྐབས་སུ་རྒྱལ་པོ་པུལཀེཤཱི་མཆོག་གི་སྤུན་བིཥྞུབརྡྷན་ཏེ་[40]ཁྱབ་འཇུག་འཕེལ་དང་མཛའ་བོར་གྱུར་ཏེ་སྙན་ངག་མེ་ལོང་མ་ཡང་ཁོང་དག་གི་རྒྱལ་བུ་རྣམས་ཀྱི་ཆེད་དུ་བརྩམས་པར་གྲགས། ཡང་དེའི་ཚེ་མཧཱམལླཔུར་(དེང་དུས་མཱམལླཔུར)ཞེས་པའི་ཡུལ་དུ་གཟིགས་པའི་ཤིན་ཏུ་ངོ་མཚར་བའི་གཟིགས་མོ་དང་སྤྱན་ལམ་དུ་ངག་གི་ལྷ་མོས་བཀའ་ཡི་སྣང་བ་བསྩལ་བ་ལྟར་ཨབནྟཱི་མཛེས་མའི་གཏམ་རྒྱུད་ཀྱང་བརྩམས་སོ། །

སློབ་དཔོན་དཎྜིའི་དང་པོའི་སྐྱེས་ཐོབ་ཀྱི་མཚན་དངོས་ནི་ད་ལྟ་སུ་ལའང་ཆ་རྒྱུས་མེད། དཎྜི་ཞེས་པ་ནི་ཕྱིས་སུ་འཇིག་རྟེན་ལ་གྲགས་པའི་མཚན་ཡིན། འདི་ལ་རྒྱ་གར་གྱི་མཁས་དབང་རཱམཅནྡྲམིཤྲ་མཆོག་གིས་དགོངས་ཚུལ་འདི་སྐད་གསུངས་[41]ཏེ། གཞོན་ནུ་བཅུའི་སྤྱོད་པའི་ཐོག་མའི་ཤིས་བརྗོད་ལས།

བྲཧྨཱཎྜཅྖཏྲདཎྜཿ ཤཏདྷྲྀཏིབྷབནཱམྦྷོརུཧོ ནཱལདཎྜཿ། ཀྵོཎཱིནཽཀཱུཔདཎྜཿ ཀྵརདམརསརིཏྤཊྚིཀཱཀེཏུདཎྜཿ།
ཛྱོཏིཤྩཀྲཱཀྵདཎྜསྟྲིབྷུབནབིཇཡསྟམྦྷདཎྜོ྅ངྤྲིདཎྜཿ། ཤྲེཡསྟྲཻབིཀྲམསྟེ བིཏརཏུ བིབུདྷདྭེཥིཎཱཾ ཀཱལདཎྜཿ ། །
སྲིད་པའི་རྟེན་འགྱུར་སྒོ་ངའི་ཚུལ་ཅན་གདུགས་ཀྱི་རྒྱུག་ཤིང་དང་ནི་ཚངས་པའི་སྐྱེས་གནས་པདྨའི་གཞུང་རྟའང་ཉིད། །
འཛམ་གླིང་དར་གྲུའི་རླུང་གཡོར་སྲོག་ཤིང་འཆི་མེད་ཆུ་བོའི་དར་ཤིང་དང་ནི་རྒྱུ་སྐར་འཁོར་ལོའི་སྲོག་ཤིང་ཉིད། །
འཇིག་རྟེན་གསུམ་རྒྱལ་སྒྲོག་པར་བྱེད་པའི་རྡོ་བོའི་ཀ་ཆེན་ཉིད་བཞིན་འཆི་མེད་དགྲ་ལ་འཆི་བདག་དབྱུག་པའང་སྟེ། །
གོམ་ཆེན་གསུམ་མཛད་མགོན་པོ་གང་དེའི་བེར་ཀ་དང་མཚུངས་ཞབས་དེས་ཁྱེད་ལ་གཏན་གྱི་བདེ་བ་སྟེར་གྱུར་ཅིག །
(དོན་འགྱུར)
ཅེས་གསུངས་པ་ལྟར་དབྱུག་པའི་སྒྲ་གཅིག་ཡིན་ནའང་དོན་མང་པོ་མཚོན་པའི་ཕྱིར་དུ་ཤིས་བརྗོད་ཀྱི་ཚིགས་བཅད་གཅིག་གི་ནང་དུ་ཅྖཏྲདཎྜཿདང། ཀཱུཔདཎྜཿ་དང། ཨཀྵདཎྜཿདང། སྟམྦྷདཎྜཿ་དང། ཀཱལདཎྜཿ་ལ་སོགས་བརྒྱད་བེད་སྤྱོད་མཛད་པ་ལ་ཡིད་འཕྲོགས་ཏེ་དཎྜི་ཞེས་པའི་མཚན་གནས་དེ་མངོན་བསྟོད་དུ་ཕུལ་ནས་ཡོངས་ཁྱབ་ཏུ་ཕྱིན་པ་རེད། དཔེར་ན་སློབ་དཔོན་བྷབབྷཱུཏི་[42]དང་མཱགྷ་[43]ལ་སོགས་བཞིན་ནོ་ཞེས་གསུངས་སོ། །ཚུལ་འདི་འདྲ་ཆགས་པོ་དང་ཡིན་མདོག་ཁ་པོ་འདུག་པས་མཁས་པ་རྣམས་ཀྱིས་ཀྱང་དཔྱད་མཛོད། ཡང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་ཞལ་སྔ་ནས། ཕྱག་ཏུ་ཕྱི་རོལ་པའི་ཆ་བྱད་བྲམ་ཟེའི་དབྱུ་གུ་དེ་ཐོགས་པས་མཚན་ལ་ཡང་སློབ་དཔོན་དཎྜི་སྟེ་དབྱུག་པ་ཅན་ཞེས་བྱ་ཞིང་ཞེས་གསུངས་པ་དང་འདྲ་མཚུངས་ཞིག་མཁས་དབང་ཝིལ་སན་མཆོག་གིས་ཀྱང་གསུངས་འདུག ཡིན་ནའང་སློབ་དཔོན་དཎྜི་མཆོག་ནི་ཕྱི་ནང་གི་ཆོས་ལུགས་གང་དུ་གཏོགས་ད་དུང་ཡང་མ་ངེས་པ་ཡིན་ཞེས་སྨྲ་བའི་དབང་ཕྱུག་ཀ་ལེ་མཆོག་གིས་གསུངས་[44]པས་དཎྜིའི་མཚན་དང་འབྲེལ་བའི་དབྱུག་པ་དེ་ཕྱི་རོལ་པའི་ཆ་བྱད་ལ་སྦྱར་རྒྱུ་དེ་ཅུང་ཟད་མི་བདེ་བ་ལྟ་བུར་སྣང། འོ་ན་གཞོན་ནུ་བཅུའི་སྤྱོད་པའི་ཁྱབ་འཇུག་གི་ཤིས་བརྗོད་ལ་བརྟེན་ནས་ཁོང་ཆོས་ལུགས་བྱེ་བྲག་པ་གཅིག་ཏུ་བསྒྲུབས་པ་མ་ཡིན་ནམ་ཞེ་ན། དེ་ལ་ཡང་ཁྱབ་པ་ནི་མི་འདུག་ཅེས་མཁས་དབང་ཀ་ལེས་གསུངས་སོ[45]། །དེ་བཞིན་དུ་མེ་ལོང་མ་ནི་ནཱལནྡཱའི་ནང་པའི་མཁས་པ་བྲྀཏྟཧརི་བྱ་བ་དེའི་རྗེས་སུ་འབྲངས་ནས་བརྩམས་པར་གྲགས་ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་[46]པས་མཐའ་གཅིག་ཏུ་ཕྱི་རོལ་པའི་ཆ་བྱད་བྲམ་ཟེ་དབྱུ་གུ་ཐོགས་པའི་གྲས་ལ་འཇོག་ན་ཅུང་རུང་ཨེ་ཡོང་སྙམ། བོད་མཁས་པའི་སྙན་འགྲེལ་སོགས་སུའང་ཕྱི་ནང་གང་དུ་ཡང་མ་ངེས་པའི་སྐོར་སོགས་མང་དུ་གསུངས་འདུག།ལར་དབྱུག་པ་ཅན་གྱི་མིང་ཡོད་ན་ལག་ཏུ་དབྱུག་པ་ཐོགས་པས་ཁྱབ་པ་སུས་བསྒྲུབ་ནུས། ཡང་སྙན་ངག་སྤྱི་དོན་ལས། སྙན་ངག་མཁན་ཆེན་པོ་བྷ་ར་བིའམ་མོ་དར་བྱ་བ་དེ་ཡིན་ཞེས་པའང་ཡི་གེ་མ་དག་སྟེ་སྙན་ངག་མཁན་ཆེན་པོ་བྷཱརབཱིའམ་དཱམོདར་བྱ་བ་དེ་ཡིན་ཞེས་པར་བཅོས་དགོས་སྙམ། ཡང་སྙན་ངག་སྤྱི་དོན་ལས། བྷ་ར་ཝི་ལ་ཆུང་མ་གསུམ་ཡོད་པའི་འབྲིང་པོ་མ་ནོ་ར་ཐ་ཞེས་པའང་ཡི་གེ་མ་དག་སྟེ། བྷཱརབཱི་ལ་བུ་གསུམ་ཡོད་པའི་འབྲིང་པོ་མནོརཐ་ཞེས་པར་བཅོས་དགོས་སྙམ། ཡང་སྤྱི་དོན་ལས། དེ་ལ་བུ་བཞི་བྱུང་བའི་ཐ་ཆུང་བི་ར་དརྐ་ཞེས་པའང་མ་དག་སྟེ། དེ་ལ་བུ་བཞི་བྱུང་བའི་ཐ་ཆུང་བཱིརདཏྟ་ཞེས་པར་བཅོས་དགོས་སྙམ། ད་དུང་ཡང་ཡིག་ནོར་གཞན་ཡང་འདུག་པས་དཔྱད་མཛོད་ཞུ།

ལྔ་པ། དཎྜིའི་རྣམ་དཔྱོད་ཐུགས་རྩལ་ནི། ཆེས་གནའ་སྔ་བོའི་ཚིགས་བཅད་ལས།[47]
ཇཱཏེཇགཏིབཱལྨིཀཽཀབིརིཏྱབྷིདྷཱབྷཀྟ 
ཀབཱིཨིཏིཏཏོབྱཱསེཀབཡསྟྭཡིདཎྜིནི། །
གྲོག་མཁར་འཇིག་རྟེན་བྱོན་པ་ན། །
སྙན་ངག་པ་དང་རྒྱས་པའི་ཚེ། །
སྙན་ངག་པ་དག་དཎྜིའི་དུས། །
སྙན་ངག་པ་རྣམས་བྱུང་བར་གྱུར། ། 
(དོན་འགྱུར།) 
ཨུཔམཱཀཱལིདཱསསྱབྷརབེརརྠགཽརབམ། 
དཎྜིནཿཔདལཱལིཏྱཾམཱགྷེསནྟིཏྲཡོགུཎཱཿ། །
མཛེས་པའི་དཔེ་ལ་ནག་མོ་འཁོལ། །
བརྗིད་དོན་སྣང་བའི་ཉི་མ་དང། །
ཡིད་འོང་ཚིག་ལ་དཎྜི་སྟེ། །
ཡོན་ཏན་གསུམ་ལྡན་སྡིག་མེད་དོ། ། 
(དོན་འགྱུར།) 
ཞེས་པའི་གནའ་གཏམ་གྲགས་ཆེན་འདི་ལ་བརྟེན་ནས་སློབ་དཔོན་དཎྜིའི་ཐུགས་ཀྱི་རྣམ་དཔྱོད་རྩལ་ཤིན་ཏུ་ཆེན་པོ་ཇི་ཙམ་ཡོད་པར་རྟོགས་ཐུབ་སྟེ། གོང་གི་ཚིགས་བཅད་གཉིས་པོས་དཎྜི་ནི་རྒྱ་གར་གྱི་ཆེས་གནའ་སྔ་མོའི་སྙན་ངག་པ་ཐོག་མཐའ་བར་གསུམ་གྱི་དཀྱིལ་འཁོར་དུ་བཞུགས་པ་དང། སྙན་ངག་པ་གྲགས་ཆེན་ནག་མོ་ཁོལ་དང་སློབ་དཔོན་བྷཱརབི་རྣམ་གཉིས་དང་རྣམ་དཔྱོད་ཀྱི་རྩལ་ཆེན་མཐའ་གཅིག་ཏུ་མཚུངས་པར་བཤད་པའི་ཕྱིར་རོ། །ལྷག་ཏུ་རྒྱན་གྱི་གཏན་ཕབ་གཞུང་ཆེན་མ་བྱུང་བཞིན་དུ་རྒྱན་གྱི་བསྟན་བཅོས་མེ་ལོང་མ་བརྩམས་པ་དེས་བློ་འདས་རྣམ་དཔྱོད་རྩལ་ཅན་ཞིག་ཡིན་པར་འབད་མེད་དུ་གྲུབ་བོ། །

གཞན་ཡང། ལམ་སྲོལ་གསུམ་པ་ལས། ནག་མོ་ཁོལ་གྱི་མདུན་དུ་དབྱངས་ཅན་མ་མངོན་སུམ་དུ་ཕེབས་ཏེ་ཞལ་ནས། ཀབིརྡཎྜི, ཀབིརྡཎྜི, ཀབིརྡཎྜི, ནསཾཤཡ་ཞེས་གསུངས་པའི་ཚེ་ནག་མོ་ཁོལ་ཁྲོས་ཏེ་དཎྜི་ཞེས་པ་དེ་སུ་ཡིན་ཞེས་ཞུས། དེའི་ལན་དུ་དབྱངས་ཅན་མས། ཀོ྅ཧཾབྲཱུཧིཏདཱམཱུཌྷེ-ཏྭམེབཱཧཾ ན སཾཤཡ་ཞེས་དཎྜི་ནི་དབྱངས་ཅན་མ་རང་ཉིད་ཀྱི་རྣམ་པ་གཞན་ཡིན་པས་ཐེ་ཚོམ་མ་མཛོད་ཅིག་ཅེས་གསུངས་པར་འདོད།[48] འདི་བདེན་ན་རྣམ་དཔྱོད་ཀྱི་རྩལ་གྱི་སྐོར་བརྗོད་ཀྱང་ཅི་དགོས། འོ་ན་སློབ་དཔོན་ཨུབྷདཏ་དང་རཱཇཤེཁར་དང་མམྨཊ་ལྟ་བུའི་སྙན་ངག་པ་གྲགས་ཆེན་རྣམས་ཀྱིས་བྷཱམཧ་ལ་ཆེ་མཐོང་མཛད་པ་ལྟར་དུ་ཁོང་ཚོའི་གཞུང་གི་ནང་དུ་དཎྜིའི་ཆེ་མཐོང་ཡེ་ནས་མ་མཛད་པ་ཅི་ཡིན་ཞེ་ན། དེའི་དོན་ནི་བྷཱམཧ་ལས་དཎྜི་ལྷོད་པའི་དོན་ཡེ་ནས་མིན་ནོ། །འོ་ན་ཅི་ཞེ་ན། སློབ་དཔོན་བྷཱམཧ་དེ་བྱང་ཕྱོགས་ཁ་ཆེ་བ་ཡིན་པས་ཁ་ཆེའི་སྙན་ངག་པ་རྣམས་ཀྱིས་ཡུལ་ལུང་ཕྱོགས་རིས་འཐེན་ཕྱོགས་ཀྱིས་བྷཱམཧ་ལ་ཆེ་མཐོང་དང་དཎྜི་ལྷོ་ཕྱོགས་པ་ལ་སྣང་ཆུང་མཛད་པ་ལས་གཞན་དུ་ཡོན་ཏན་ཀུན་ལྡན་སློབ་དཔོན་དཎྜི་ལྟ་བུ་ལ་དེ་ལྟར་མཛད་པ་ནི་གནམ་སྔོན་པོའི་འོག་འདི་ན་ཇི་ལྟར་ན་རུང་ཞེས་རྒྱ་གར་གྱི་མཁས་དབང་རཱམཅནྡྲམིཤྲ་མཆོག་གིས་གསུངས། དེས་ན་མཁས་དབང་ཚེ་ཏན་ཞབས་དྲུང་གི་སྙན་ངག་སྤྱི་དོན་ལས། སྤྱིར་ཁ་རྒྱུན་ལ། མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་ནག་མོ་ཁོལ། རྗེས་ཁྲིད་ཀྱི་སྒྲ་སྦྱོར་བ་ལ་མཆོག་ཏུ་གྱུར་པ་བྷརབི། སྙན་པའི་རོ་འདོན་པ་ལ་མཆོག་ཏུ་གྱུར་པ་དབྱུག་པ་ཅན། དེ་གསུམ་ག་ལ་མཆོག་ཏུ་གྱུར་པ་མ་གྷ་ཞེས་སྐད་གྲགས་ཆེ་ཞེས་གསུངས་པ་དེ་ཡང་ཡིན་རྒྱུ་གོང་དུ་དྲངས་ཟིན་པའི་ད་ལྟའི་ཚིགས་བཅད་དང་འབྲེལ་བའི་གཏམ་དེ་རང་རེད་འདུག་ནའང་ཡི་གེ་མཁན་གྱིས་ཅུང་ཟད་ཡི་གེ་བྲིས་ནོར་དུ་ཐལ་འདུག་སྙམ་པ་ནི་ཁོ་བོའི་རྣམ་པར་རྟོག་པའོ། །


དྲུག་པ། དཎྜིའི་གཞུང་ཚོགས་རྣམ་གསུམ་ནི། མཁས་དབང་རཱཇཤེཁར་མཆོག་གི་ཞལ་སྔ་ནས།[49]
ཏྲཡོ྅གྣམསྟྲཡོབེདཱསྟྲཡོདེབཱསྟྲཡོགུཎཱཿ།
ཏྲཡོདཎྜིཔྲབནྡྷཱཤྩཏྲིཥུལོཀེཥུབིཤྲུཏཱཿ། །
མེ་ནི་གསུམ་དང་རིག་བྱེད་གསུམ། །
ལྷ་ནི་གསུམ་དང་ཡོན་ཏན་གསུམ། །
དཎྜིས་བརྩམས་མཛད་བསྟན་བཅོས་གསུམ། །
འཇིག་རྟེན་གསུམ་དུ་ཡོངས་སུ་གྲགས། །
(དོན་འགྱུར།) 
ཞེས་གསུངས་པ་དེ་གཞི་ལ་བཞག་ན་དཎྜིའི་བརྩམས་ཆོས་ཡོངས་གྲགས་ལ་གསུམ་དུ་ངེས་པ་ནི་ཀུན་ལ་གྲགས་སོ། །གསུམ་པོའི་མཚན་གཞི་གང་ཡིན་ཞེ་ན། དེ་ནི། ཀཱབྱདརྴ་སྟེ་སྙན་ངག་མེ་ལོང་མ་དང། ཨབནྟིསུནྡརཱིཀཐཱ་སྟེ་ཨབནྟི་མཛེས་མའི་གཏམ་རྒྱུད་དང། དཤཀུམཱརཅརིཏ་སྟེ་གཞོན་ནུ་བཅུའི་སྤྱོད་པ་སྟེ་གསུམ་མོ་ཞེས་མཁས་དབང་རཱམཅནྡྲམིཤྲ་ལ་སོགས་དེང་དུས་ཀྱི་རྒྱ་གར་གྱི་མཁས་པ་འགའ་ཡིས་བཞེད། དེ་ཡང་མེ་ལོང་མ་དང་གཞོན་ནུ་བཅུའི་སྤྱོད་པ་གཉིས་ནི་དཎྜིའི་གསུང་ཡིན་པར་ཆེས་གནའ་སྔ་བོའི་དུས་ནས་གྲགས། དེ་ཡང་དེང་དུས་ཡོད་པའི་གཞོན་ནུ་བཅུ་ཡི་སྤྱོད་པ་ལ་དུམ་བུ་གསུམ་སྟེ། ལེའུ་ལྔ་ཅན་གྱི་སྔོན་གྱི་སྡེ་དང། གཞོན་ནུ་བཅུ་ཡི་སྤྱོད་པ་དངོས་ལ་ལེའུ་བརྒྱད་དང། ལེའུ་གཅིག་གི་བདག་ཉིད་ཅན་གྱི་ཕྱི་མའི་སྡེ་དང་གསུམ་ཡོད། དེའི་དུམ་བུ་གསུམ་གྱི་ནང་ནས་བར་མ་ཁོ་ན་སློབ་དཔོན་དཎྜིའི་བརྩམས་གཞུང་ཡིན་པར་མཁས་པ་རྣམས་ལ་གྲགས་ཞེས་མཁས་དབང་ཀ་ལེས་གསུངས། ཡང་སྙན་ངག་སྤྱི་དོན་ལས། སྔོན་གྱི་ལེའུ་ལྔ་ལ་རྒྱལ་པོ་བ་ཧ་ན་ཞེས་པའང་ཡི་གེ་མ་དག་སྟེ། སྔོན་གྱི་སྡེའི་ལེའུ་ལྔ་ལ་རྒྱལ་པོ་རཱཇབཱཧན་ཞེས་པར་བཅོས་དགོས་སྙམ། གཞོན་ནུ་བཅུའི་སྤྱོད་པའི་ནང་གི་གཞོན་ནུ་བཅུ་ནི་རཱཇབཱཧན། ཨཔཧཱརབརྨན། པཧཱརབརྨན། མིཏྲགུཔྟ། མནྟྲགུཔྟ། ཨརྠཔཱལ། བིཤྲུཏ། པུཥྤོབྷདབ། སུམཏི། སོམདཏྟ་སྟེ་འདི་རྣམས་ཡིན་ནོ། །གཞོན་ནུ་བཅུ་པོའི་ཕན་ཚུན་འབྲེལ་ཚུལ་ནི་ཡི་གེས་འཇིགས་སོ། །ཨབནྟི་མཛེས་མའི་གཏམ་རྒྱུད་དེ་ཕྱི་ལོ་ ༡༩༢༠ ཐམ་པའི་ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་བྲིས་མའི་དེབ་ཕྲེང་ནང་དུ་པར་སྐྲུན་མཛད་པ་ནས་བཟུང་དཎྜིའི་གཞུང་དུ་ཀུན་ལ་གྲགས་སོ། །འོ་ན་སྙན་ངག་མེ་ལོང་མ་ལས། སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །ཞེས་པའི་སྡེབ་སྦྱོར་གྱི་གཞུང་དེ་དཎྜིའི་བསྟན་བཅོས་བཞི་པ་མིན་ནམ་ཞེ་ན། ཁ་ཅིག་གིས་དེ་བསྟན་བཅོས་བཞི་པར་བསྒྲུབས་[50]ནའང་དཎྜིས་སྡེབ་སྦྱོར་གྱི་བསྟན་བཅོས་རང་དབང་བ་ཞིག་མཛད་ཡོད་པར་ནི་ད་ལྟའི་བར་བརྒྱ་ཆ་བརྒྱ་ཐམ་པ་གཏན་ལ་ཕབ་ཐུབ་མེད། འོ་ན་སྙན་ངག་མེ་ལོང་མ་ལས། དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །ཞེས་པའི་སྡེབ་སྦྱོར་གཞུང་དེ་གང་ཡིན་ཞེ་ན། དེ་ནི་དམར་སེར་ཅན་གྱི་སྡེབ་སྦྱོར་གྱི་མདོ་ལ་བཞེད་ན་རུང་བ་ཡིན། དཔེར་ན། མེ་ལོང་མའི་ལེའུ་གསུམ་པ་ལས། སྒྱུ་རྩལ་ཡོངས་སུ་བཅད་པ་ལས། །དེ་ཡི་རང་བཞིན་གསལ་བར་བསྟན། །ཞེས་པའི་སྐབས་སུ་སྒྱུ་རྩལ་ཡོངས་སུ་བཅད་པའི་བསྟན་བཅོས་ཞིག་ཟུར་དུ་རང་དབང་བ་ཞིག་མཛད་མེད་ནའང་མཛད་ཡོད་པ་ལྟར་གསུངས་པ་བཞིན་དུ་གོང་གི་སྡེབ་སྦྱོར་གྱི་གཞུང་དེའང་དེ་ལྟར་དུ་རུང་བ་ཡིན་ཞེས་མེ་ལོང་མའི་འགྲེལ་བྱེད་མཁས་དབང་རཱམཅནྡྲམིཤྲ་མཆོག་གིས་གསུངས། ཡང་མེ་ལོང་མ་རང་ལ་གཞིར་བཞག་ན་དཎྜིའི་གཞུང་གསུམ་ནི་འདི་ལྟར་མཐོང་སྟེ། དེ་ཡང་མེ་ལོང་མ་ལས། བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང། །སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། །ཇི་ལྟར་ནུས་བཞིན་བདག་གིས་ནི། །སྙན་ངག་རྣམས་ཀྱི་མཚན་ཉིད་བྱ། །ཞེས་པའི་སྐབས་ནས་བསྟན་པའི་རྒྱན་གྱི་གཞུང་མེ་ལོང་མ་དང། དེ་བཞིན་དུ་མེ་ལོང་མ་ལས། དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །ཞེས་པའི་སྐབས་ནས་བསྟན་པའི་སྡེབ་སྦྱོར་རྣམ་བཀྲ་དང། དེ་བཞིན་དུ་མེ་ལོང་མ་ལས། སྒྱུ་རྩལ་ཡོངས་སུ་བཅད་པ་ལས། །དེ་ཡི་རང་བཞིན་གསལ་བར་བསྟན། །ཞེས་པའི་སྐབས་ནས་བསྟན་པའི་སྒྱུ་རྩལ་གྱི་ལེའུ་སྟེ་གསུམ་ལ་ངོས་བཟུང་ནའང་མེ་ལོང་མ་རང་གི་གཞུང་དང་མཐུན་པར་སྣང། བསྟན་བཅོས་དང་པོ་མེ་ལོང་མ་ལ་རྩོད་པ་མེད། བསྟན་བཅོས་གཉིས་པ་དེ་ལ་མེ་ལོང་མའི་རྒྱ་དཔེ་ལས། ཆནྡོ-བིཅིཏྱཱཾ སཀལསྟཏྤྲནྩོ ནིདརྙིཏཿ ཞེས་གསུངས་པས་དེའི་དོད་འགྱུར་ནི། དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་རྣམ་བཀྲར་ངེས་པར་བསྟན། །ཞེས་པ་ལྟ་བུར་ཡོང་དགོས་འདུག་སྙམ་པ་ནི་ཁོ་བོའི་རྟོག་པའོ། །ཆནྡོབིཅིཏི་སྟེ་སྡེབ་སྦྱོར་རྣམ་བཀྲ་ཞེས་པར་དགོས་ནའང་ད་ལྟའི་མེ་ལོང་མ་བོད་འགྱུར་ལས་སྡེབ་སྦྱོར་གཞུང་ཞེས་པར་གསལ། ཡིན་ནའང་གཞུང་གི་སྐད་དོད་ནི་དེའི་སྐབས་ཀྱི་རྒྱ་དཔེར་མི་གསལ་ལོ། །སློབ་དཔོན་དཎྜིའི་སྡེབ་སྦྱོར་རྣམ་བཀྲ་ཞེས་པའི་གཞུང་ཟུར་པ་ཞིག་ཡོད་དོ་ཅེས་འཕགས་ཡུལ་མཁས་དབང་སུབནྡྷུ་མཆོག་གིས་བརྩམས་པའི་གྲགས་ཆེན་སྙན་རྩོམ་བཱསབདཏྟཱ་ཞེས་པ་ལས་གསུངས་སོ། །དེ་བཞིན་དུ་མེ་ལོང་མའི་རྒྱ་དཔེ་ལས། ཏསྱཱཿ ཀལཱཔརིཅྖེདེ རུཔམཱབིརྦྷབིཥྱཏི་ཞེས་པ་ལ་བརྟེན་ནས་སྒྱུ་རྩལ་ལེའུ་ཞེས་པའི་གཞུང་ཞིག་ཡོད་པར་ཁ་ཅིག་འདོད་དོ། །དེས་ན་དཎྜིའི་བརྩམས་གཞུང་འདི་གསུམ་ལ་ངོས་བཟུང་ན་ཡང་རྩོད་པ་མེད་པའི་གོ་འཕང་ལ་འགྲོའོ་སྙམ་པ་ནི་ཁོ་བོའི་རྣམ་པར་རྟོག་པའོ། །ཡང་ན་དཎྜིའི་བརྩམས་གཞུང་གསུམ་ནི། ཨབནྟིསུནྡརཱི་དང། དཤཀུམཱརཅརིཏ་དང། དྭིསནྡྷཱན་ཏེ་གསུམ་པོ་འདི་ཡིན་ཞེས་མཁས་དབང་ཤིབནཱརཱཡཎཤཱསྟྲཱི་[51]མཆོག་གིས་གསུངས། ཁོ་བོས་མཁས་དབང་རཱཇ་ཤེཁར་ཏེ་གསལ་བྱེད་ཏོག་གི་ད་ལྟའི་ཚིགས་བཅད་འདི་ཡི་དོན་འགྱུར་བྱས་ཟིན་པའི་མཇུག་ཏུ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་བརྩམས་པའི་ལེགས་སྦྱར་བང་མཛོད་མཇལ་སོང་། དེའི་ནང་དུ་ད་ལྟའི་ཚིགས་བཅད་འདི་ཡི་བོད་འགྱུར་འདི་ལྟར་མཛད་དེ། མེ་གསུམ་དང་ནི་རིག་བྱེད་གསུམ། །ཡོན་ཏན་གསུམ་དང་ལྷ་གསུམ་སྟེ། །དབྱུག་པ་ཅན་གྱིས་བརྩམས་པ་གསུམ། །འཇིག་རྟེན་གསུམ་ན་རྣམ་པར་གྲགས། །ཞེས་པ་དེ་མཇལ་སོང་། ཁོ་བོའི་དོན་འགྱུར་དེ་ཁོང་གི་ཞབས་ཟིན་ཙམ་བྱུང་འདུག་པར་དགའ་བ་ཚད་མེད་སྐྱེས་སོ། །སྡེབ་སྦྱོར་རྣམ་བཀྲ་དང་སྙན་ངག་མེ་ལོང་མ་དང་གཞོན་ནུ་བཅུའི་སྤྱོད་པ་སྟེ་དེ་གསུམ་དབྱུག་པ་ཅན་གྱིས་བརྩམས་པའི་བསྟན་བཅོས་རྣམ་གསུམ་ཡིན་ཞེས་ལེགས་སྦྱར་བང་མཛོད་དུ་གསུངས་སོ། །རཱཇ་ཤེཁར་ལ་མཁས་དབང་ཁོང་གིས་རྒྱལ་པོའི་གཙུག་ཕུད་ཅེས་གསུངས་འདུག ཁོ་བོས་ནམ་རྒྱུན་དུ་གསལ་བྱེད་ཏོག་ཅེས་བྲི་བཞིན་ཡོད། མདོར་ན་གཉིས་ཀའི་དོན་མཐུན་པས་དེ་ལ་ཡང་དགའ་བ་ཚད་མེད་སྐྱེས་སོ། །སྡེབ་སྦྱོར་རྣམ་བཀྲ་འདི་དབྱུག་པ་ཅན་གྱིས་བརྩམས་མཛད་གཞུང་ཐ་དད་པ་རང་དབང་བ་ཞིག་ཡིན་དགོས་འདུག་སྙམ་པ་ནི་ཁོ་བོའི་རྣམ་རྟོག་ལ་ནམ་རྒྱུན་ནས་ཤར་གྱི་ཡོད། ལེགས་སྦྱར་བང་མཛོད་དུ་ཡང་དེ་ག་རང་གསུངས་འདུག དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །ཞེས་པའི་བོད་འགྱུར་དེའི་དོད་ཚབ་ལ་ལེགས་སྦྱར་བང་མཛོད་ལས། དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་རྣམ་བཀྲར་ངེས་པར་བསྟན། །ཞེས་གསུངས་པ་དེ་ཡང་མཇལ་ནས་སླར་ཡང་དགའོ་སྐྱིད་དོ། ། དེས་ན་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་སྙན་ངག་སྤྱི་དོན་ལས། ཡང་སློབ་དཔོན་རཱཇཤེཁར་བྱ་བའི་རྩོམ་གྱི་ཚིགས་བཅད་གཅིག་ཏུ་སློབ་དཔོན་འདིས་འཇིག་རྟེན་ན་གྲགས་པའི་གཞུང་གསུམ་བརྩམས་ཞེས་བྱུང་བས་ཞེས་གསུངས་པའང་གོང་དུ་དྲངས་ཟིན་པའི་རཱཇཤེཁར་གྱི་ཚིགས་བཅད་ལ་དགོངས་ཏེ་གསུངས་པར་སྣང། ཡང་འདིའི་སྐབས་སུ་སྙན་ངག་སྤྱི་དོན་ལས། གཅིག་ནི་གཞོན་ནུ་བཅུའི་འཇུག་པ་བྱ་བ་ཡིན་ལ་ཞེས་གསུངས་པའང་མ་དག་སྟེ། གཞོན་ནུའི་བཅུའི་སྤྱོད་པ་བྱ་བ་ཡིན་ལ་ཞེས་པར་བཅོས་དགོས་སྙམ། ཡང་སྙན་ངག་སྤྱི་དོན་ལས། གཅིག་ནི་བྲྀཙྪཀཊཱིཀྐ་བྱ་བའི་ཟློས་གར་དེ་ཡིན་ནམ་ཟེར་ལ་ཞེས་པའང་ཡི་གེ་མ་དག་སྟེ། མྲྀཙྩཱཀཊཱིཀ་ཞེས་པར་བཅོས་དགོས་སྙམ། དེ་ནི་འདི་འདྲའི་གཞུང་ཞིག་སྔོན་དུ་ཡོད་ནའང་ད་ལྟ་རྙེད་དུ་མེད་ཅེས་མཁས་དབང་པིསྩིལ་གྱིས་གསུངས་སོ། །དེ་ལ་དགོངས་ནས་ཁ་ཅིག་ཟེར་ཞེས་གསུངས་པར་སྣང་ངོ། །ཡང་སྤྱི་དོན་ལས། སྙན་ངག་པྲཀཤ་སྟེ་རབ་སྣང་བྱ་བ་ཞིག་ཡོད་པ་དེ་ལ་བསམས་པ་ཡིན་ན་དེ་ནི་སློབ་དཔོན་རཱཇཱན་ཀ་དང་མ་མཱ་ཊ་གཉིས་ཀྱིས་མཛད་པ་ཡིན་ཞིང་ཞེས་པའང་ཡི་གེ་པའི་བྲིས་ནོར་ཐལ་འདུག་སྙམ་སྟེ། ཀཱབྱཔྲཱཀཱཤ་སྟེ་སྙན་ངག་རབ་སྣང་ནི་ངག་གི་དབང་ཕྱུག་མའི་སྤྲུལ་པར་གྲགས་པའི་སློབ་དཔོན་ཆེན་པོ་མམྨཊ་མཆོག་གིས་མཛད་པ་ཡིན་ཙང་རཱ་ཛཱ་ན་ཀ་ཞེས་པ་ཡོང་དོན་ཅི། གཞན་ཡང་གཞོན་ནུ་བཅུའི་སྤྱོད་པའི་ནང་མེ་ལོང་མའི་དགག་བྱར་འགྱུར་པའི་སྐྱོན་རྣམས་ཡོད་ཙང་སློབ་དཔོན་དཎྜིའི་གསུང་དུ་ཅུང་ཟད་འགྲོ་དཀའོ་ཞེས་མཁས་དབང་ཨཱགཤེ་ལ་སོགས་ཀྱིས་གསུངས་པ་ལ་མཁས་དབང་རཱམཅནྡྲམིཤྲ་མཆོག་གིས་དགག་ལན་གནང་བའང་མཇལ་ལོ། །

མདོར་ན་མཁན་ཆེན་ཐམས་ཅད་མཁྱེན་པ་ཨ་པད་རིན་པོ་ཆེའི་བཀའ་དྲིན་ལས་ད་དུང་ཡང་གླེང་བར་བྱ་བ་མང་ནའང་རེ་ཞིག་རིང་ལ་ལྷོད་དོ། །འོ་ན་ཅིའི་ཕྱིར་ལྷོད་ཅེ་ན། ཆོས་རྗེ་ས་སྐྱ་པཎྜིཏས་བརྩམས་པའི་ཤིན་ཏུ་གྲགས་ཆེན་སྙན་ངག་གི་གཞུང་མཁས་པའི་ཁ་རྒྱན་ནི་སྔོན་དུས་ནས་འཇའ་ལུས་ལ་ཕེབས། དེང་དུས་མཁས་འཇུག་ཏྲཻབིཀྲམ་ཡི་གོམ་ཚད་ཤེས་མཁན་གྱིས་སྟོང་པའི་བདག་རྐྱེན་དང། ལྷག་ཏུ་རྒྱན་ལ་ལྟོས་མི་དགོས་མཁན་གྱི་ཚིགས་བཅད་རྩོམ་པ་པོས་གངས་ཅན་གཞིས་བྱེས་ཀུན་གང་བའི་དམིགས་རྐྱེན་དང། མཁས་འཇུག་ལས། བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས་ཞེས་པ་དེ་རྨོངས་པ་བདག་རང་ཁོ་ན་ལ་གསུངས་པར་གོ་བའི་དེ་མ་ཐག་རྐྱེན་ཏེ་རྐྱེན་གསུམ་གྱིས་ཁོ་བོ་ཤིན་ཏུ་བློ་སྐྱོ་བའི་ངང་རེ་ཞིག་ལ་ལྷོད་དོ། །མཐར་ཐུག་གོང་ཞུས་ཐམས་ཅད་ཀྱི་སྙིང་པོ་ནི། ལམ་ཟུར་ཇ་མགྲོན་ཁང་གི་གཏམ་ཚོགས་ལས། །ཀུན་ཕན་ལེགས་བཤད་ནོར་བུར་སུ་ཡིས་རེ། །མ་རིག་ཁྱབ་འཇུག་པདྨའི་ལྟེ་ཁུང་ལས། །ཀྱལ་གཏམ་ཤ་ཏ་དྷྲྀ་ཏི་སུ་ཡིས་དགག །ལམ་ཟུར་ལྕགས་ཀྱི་ཇ་ཁང་སྟབས་བདེའི་གཞིར། །སྐུ་མགྲོན་ཡོངས་ཀྱི་བསམ་པ་གཅིག་ཏུ་མཐུན། །གནའ་དེང་གསོལ་ཇ་མེ་གྷི་ལ་སོགས་པའི། །དགའ་སྟོན་ཡོངས་ལ་རོོལ་པའང་གཅིག་ཏུ་མཐུན། ། སརྦམངྒལཾ།

མཆན་བུ།
__________________________________________________________________________________________________

[1] ཇཱཏེཇགཏིབཱལྨིཀཽཀབིརིཏྱབྷིདྷཱབྷཀྟ། ཀབཱིཨིཏིཏཏོབྱཱསེཀབཡསྟྭཡིདཎྜིནི། །ཞེས་པའི་ཆེས་གནའ་སྔ་བོའི་ཚིགས་བཅད་འདི་ལ་གཞི་བཅོལ་ཏེ་བྲིས། ཀ་བི་ ཞེས་པ་སྙན་ངག་མཁན། ཆིག་ཚིག་དང། ཕོ་ཚིག་ཡིན། ཀ་བཱི་ནི་སྙན་ངག་མཁན། ཉིས་ཚིག་དང་ཕོ་ཚིག་ཡིན། ཀ་བ་ཡ་ནི་སྙན་ངག་མཁན། མང་ཚིག་དང་ཕོ་ཚིག་ཡིན། དེས་ན། གངས་ཅན་ཀ་བི་འཇམ་མགོན་ས་པཎ་ཆེ། །ཞེས་པའི་མཆོད་བརྗོད་ཀྱི་ཚིགས་བཅད་དེ་ནི་མཁས་འཇུག་ལས། བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས་ཞེས་པའི་རྒྱབ་ལྗོངས་ཀྱི་འགྲེལ་བཤད་ཡིན། འདིའི་ཡང་འགྲེལ་གཅིག་སྡེ་ཚན་ཟུར་དུ་འཆད་དོ།།
[2] མཐའ་ཡི་གསལ་བྱེད་ཉིད་སྒྲ་མེ་ལྟ་བུ་འདི་སྟེང་གི་ཚིགས་རྐང་དང་པོ་དང་གཉིས་པ་དང་ཡང་འབྲེལ་ལོ། །
[3] ཁོང་གིས་མཛད་པའི་མེ་ལོང་མའི་འགྲེལ་པ་ལས།
[4] ཁ་ཅིག་གིས་འདོད་པའི་སྒྲུབ་བྱེད་བཞི་པོ་རྣམས་རྒྱ་གར་གྱི་མཁས་དབང་རཱམ་ཅནྡྲས་མཛད་པའི་སྙན་ངག་མེ་ལོང་མའི་འགྲེལ་པ་ལས་གསུངས།
[5] ལུང་རིགས་སྨྲ་བའི་དབང་ཕྱུག་ཚེ་ཏན་ཞབས་དྲུག་གིས་མཛད་པའི་སྙན་ངག་སྤྱི་དོན་ལས།
[6] སྲོལ་རྒྱུན་གསུང་སྒྲོས་ལྟར་ན་བྷ๗ྀཧརི་མཆོག་ནི་རྒྱལ་པོ་བིཀྲམ་གྱི་སྤུན་དུ་གྲགས། གལ་ཏེ་རྒྱལ་པོ་བིཀྲམ་ཞེས་བྱ་བ་འདི་འདས་ལོ་ ༥༤༤ ཙམ་ལ་མླེཅྖ་རྣམས་ཕམ་པར་མཛད་མཁན་ད་ག་རང་དུ་ངོས་འཛིན་ན་སློབ་དཔོན་བྷ๗ྀཧརི་མཆོག་དུས་རབས་དྲུག་པའི་ནང་བྱོན་པའི་གྲགས་ཆེན་གྱི་མཁས་དབང་ཡིན་པ་ལ་ཐེ་ཚོམ་མེད་དོ། །ཡང་ཨརཝཱཅིནཀཤ་ཞེས་པ་ལས། དྲི་ཟའི་ཡུལ་ནས་ཡིན་པའི་བིརསེན་ལ་བུ་ཕྲུག་བྷ๗ྀཧརི་དང་བིཀྲམ་ལ་སོགས་མིང་སྲིང་བཞི་ཡོད། དེའི་ཚེ་བ๗ྀཧརི་མཆོག་གི་ཡུམ་ནི་འཛམ་བུའི་གླིང་ཞེས་བྱ་བའི་རྒྱལ་པོ་དེའི་སྲས་མོ་ཡིན། རྒྱལ་པོ་དེ་ལ་སྲས་མེད་ཙང་རང་གི་རྒྱལ་ཁབ་བྷ๗ྀཧརི་ལ་ཕུལ། ཁོང་གིས་རྒྱལ་ས་དེ་ཨུཛྫཡན་ཞེས་པར་གནས་སྤོས་མཛད། སྤུན་ཆུང་བ་བིཀྲམ་ཁྲི་ལ་བཀོད་ནས་རང་ཉིད་དབེན་པའི་གནས་སུ་ཕེབས། བྷ๗ྀཧརི་མཆོག་ཕྱི་ནང་གང་ཡིན་ལ་ད་དུང་རྩོད་གཞི་ཅན་དང། ཁོང་གིས་མཛད་པའི་ལུགས་བརྒྱ་པ་ཞེས་པའི་བསྟན་བཅོས་དེ་ཡང་ཕྱི་ནང་གང་གི་བསྟན་བཅོས་ཡིན་མིན་ད་དུང་ཡང་རྩོད་གཞི་ཅན་དུ་ལུས། སློབ་དཔོན་བྷ๗ྀཧརི་འདི་ནང་པ་ཡིན་ཞེས་གསུངས་མཁན་གྱི་མཁས་པ་གཅིག་ནི་གྲགས་ཆེན་རྒྱའི་དགེ་སློང་ཨི་ཙང་ཡིན། ཡང་ཁ་ཅིག་གིས་སློབ་དཔོན་བྷ๗ྀཧརི་ཞེས་ཞུ་བ་དེ་ལ་གང་ཟག་ཐ་དད་གཉིས་ཡོད་ཅེས་འདོད་དོ། །ད་དུང་འབྲི་འོས་མང་དུ་འདུག་ཀྱང་ཡི་གེས་འཇིགས་སོ། །
[7]  མེ་ལོང་མ་ལེའུ་གཉིས་པ་ལས།
[8]  ཁོང་གིས་མཛད་པའི་དྭནྱཱལོཀ་ཞེས་པའི་གཞུང་ལས།
[9]  ཁོང་གིས་མཛད་པའི་ཅནྡྲལོཀ་ཞེས་པའི་གཞུང་ལས།
[10] ཁོང་གིས་མཛད་པའི་སཱཧིཏྱདརྤཎ་ཞེས་པའི་གཞུང་ལས།
[11] ཁོང་གིས་མཛད་པའི་ཀཱབྱཱནུཤཱསན་ཞེས་པའི་གཞུང་ལས།
[12] ཁོང་གིས་མཛད་པའི་རྒྱན་གཞུང་ལས།
[13] དུས་རབས་བཅུ་བདུན་པའི་ནང་ཕེབས་པའི་སྙན་ངག་པ་ཤིན་ཏུ་གྲགས་ཆེན་ཞིག་ཡིན།
[14] སྙན་ངག་མེ་ལོང་མ་ལེའུ་གཉིས་པ་ལས།
[15] ཁོང་གིས་མཛད་པའི་མཱགྷ་ ༢།༤ པ་ལས།
[16] སྙན་ངག་མེ་ལོང་མ་ལེའུ་གཉིས་པ་ལས།
[17] ཁོང་ནི་ཧརྵཅརིཏ་དང། ཀཱདཾབརཱི་དང། ཅཾཌིཀཱཤཏཀ་དང། པཱརྦཏཱིཔརིཎཡ་དང། རཏྣཱབལཱི་སྟེ་སྙན་རྩོམ་གྲགས་ཆེན་འདི་རྣམས་ཀྱི་རྩོམ་པ་པོ་ཡིན། སློབ་དཔོན་འདིའི་ལོ་དུས་ནི་ཀཱནྱཀུབྗའི་རྒྱལ་པོ་ཧརྵབརྡྷན་དང་གཅིག་པ་ཡིན། དེས་ན་དུས་རབས་དྲུག་པའི་སྨད་ཆའམ་བདུན་པའི་སྟོད་ལ་ཡིན་ནོ། །
[18] ཁོང་གིས་མཛད་པའི་མེ་ལོང་མའི་འགྲེལ་པ་ལས།
[19] ཁོང་གིས་མཛད་པའི་ལོཅན་ལས།
[20] སྙན་ངག་མེ་ལོང་མ་ལེའུ་དང་པོ་ལས།
[21] ཁོང་གིས་མཛད་པའི་ཀཱབྱཱལངྐཱརསཱརསཾགྲཧ་ཡི་འགྲེལ་ཆུང་ལས།
[22] མེ་ལོང་མ་ལེའུ་གསུམ་པ་ལས།
[23] དེ་ལྟར་བཞེད་མཁན་ཡོད་པར་མཁས་དབང་རཱམཅནྡྲམིཤྲ་མཆོག་གིས་མཛད་པའི་མེ་ལོང་མའི་འགྲེལ་པ་ལས།
[24] སྙན་ངག་མེ་ལོང་མ་ལེའུ་གཉིས་པ་ལས།
[25] སྙན་ངག་མེ་ལོང་མ་ལེའུ་གཉིས་པ་ལས།
[26] སྙན་ངག་མེ་ལོང་མ་ལེའུ་གསུམ་པ་ལས།
[27] དེ་ལྟར་བཞེད་མཁན་འདུག་ཅེས་མཁས་དབང་རཱམཅནྡྲམིཤྲ་མཆོག་གིས་མཛད་པའི་མེ་ལོང་མའི་འགྲེལ་པ་ལས།
[28] ཤཱརྔྒདྷརཔདྡྷཏི་ཞེས་པའི་གཞུང་ལས།
[29] ཁོང་ནི་གྲགས་ཆེན་སྙན་རྩོམ་བཱསབདཏྟཱ་ཞེས་པ་དེ་ཡི་མཛད་པ་པོ་ཡིན་པ་ལྟར་མཁས་མཆོག་ཉག་ཕྲན་རྗེས་ཀྱང་ཆེ་མཐོང་མཛད། དེས་ན་སློབ་དཔོན་སུབནྡྷུ་མཆོག་ནི་དུས་རབས་བདུན་པའི་རྗེས་སུ་བྱོན་པ་ཡོང་མི་སྲིད། ཁོང་གི་བརྩམས་གཞུང་ནང་དུ་དུས་རབས་དྲུག་པའི་ནང་བྱོན་པའི་སློབ་དཔོན་ཆོས་གྲགས་ཀྱིས་བརྩམས་པའི་བཽདྡྷསཾགཏི་ཞེས་པའི་ནང་པའི་གཞུང་གཅིག་གི་མཚན་ཡང་གསལ་ལོ། །
[30] བཱསབདཏྟཱ་ཞེས་པའི་གཞུང་ལས།
[31] སུབནྡྷུ་མཆོག་གི་བཱསབདཏྟཱ་ནི་ཀཐཱསཱརིཏྶཱགར་ཞེས་པའི་ནང་གི་རྒྱལ་པོ་ཆེན་པོ་ཅཎྜམཧཱསེན་མཆོག་གི་སྲས་མོ་བཱསབདཏྟཱ་དང། ཤྲཱིཧརྵའི་བརྩམས་གཞུང་དང་འབྲེལ་བའི་བཱསབདཏྟཱ་དང། མལླི་ཡི་ཊཱི་ཀ་དང་འབྲེལ་བའི་བཱསབདཏྟཱ་དང། བྷབབྷཱུཏི་མཆོག་གི་བརྩམས་གཞུང་དང་འབྲེལ་བའི་བཱསབདཏྟཱ་ལ་སོགས་དང་ཐ་དད་ཡིན་ནོ། །
[32] དེ་ལྟར་བཞེད་མཁན་ཡོད་པར་མཁས་དབང་རཱམཅནྡྲམིཤྲ་མཆོག་གིས་མཛད་པའི་མེ་ལོང་མའི་འགྲེལ་པ་ལས།
[33] འདས་ལོ་ ༦༣༤ ཙམ་གྱི་ཤིལཱལེཁ་སྟེ་རྡོ་ཡིག་ནང་ནག་མོ་ཁོལ་དང་བྷཱརབཱི་རྣམ་པ་གཉིས་ཀ་གྲགས་ཆེན་གྱི་མཁས་པ་ཡིན་ཞེས་གསལ།
[34] སློབ་དཔོན་དཎྜིའི་མེས་ཆེན་བདག་པོ་ཐ་གུའི་ལྟོའམ་སྣང་བའི་ཉི་མ་མཆོག་ཉིད་རྒྱལ་པོ་སིཾཧབིཥྞུ་མཆོག་གི་རྒྱལ་དུས་མཐའ་མའི་སྐབས་སུ་ཀཱནྩཱི་ལ་ཕེབས་པ་ཡིན་སྲིད་ཅེས་མཁས་དབང་ཤིབནཱརཱཡཎ་མཆོག་གི་མེ་ལོང་མའི་འགྲེལ་པ་ལས་གསུངས།
[35] ཁོང་གི་འཁྲུངས་ལོ་ནི་ཧ་ལམ་འདས་ལོ་ ༦༠༠ ཙམ་ལ་ཡིན།
[36] ཁོང་གི་འཁྲུངས་ལོ་ནི་ཧ་ལམ་འདས་ལོ་ ༦༣༠ ནས་ ༦༣༥ བར་གྱི་དུས་གང་རུང་ལ་ཡིན།
[37] ཁོང་གི་འཁྲུངས་ལོ་ནི་ཧ་ལམ་འདས་ལོ་ ༦༦༥ ཙམ་ལ་ཡིན། དུས་ཚིགས་འདི་རྣམས་མཁས་དབང་ཤིབནཱརཱཡཎཤཱསྟྲཱི་མཆོག་གི་གསུང་ལྟར་འདིར་བྲིས།
[38] ལོ་ཚིགས་འདི་མཁས་དབང་རཱམཅནྡྲམིཤྲ་མཆོག་གི་གསུང་ལྟར་བྲིས།
[39] ཁོང་གིས་མཛད་པའི་མེ་ལོང་མའི་འགྲེལ་པ་ལས།
[40] རྒྱལ་སྲས་ཁྱབ་འཇུག་འཕེལ་ནི་ཅཱལུཀྱཔུལཀེཤཱི་དང་པོ་ ༼རྒྱལ་དུས་འདས་ལོ་ ༥༤༣ ནས་ ༥༦༦ ཙམ་ལ་༽ མཆོག་གི་སྲས་རྒྱལ་པོ་ཀཱིརྟིབརྨཱ་དང་པོ་ ༼རྒྱལ་དུས་འདས་ལོ་ ༥༦༦ ནས་ ༥༩༧ ཙམ་ལ་༽ མཆོག་གི་རྒྱལ་སྲས་སྐུ་གཞོན་པ་དེ་ཡིན་ཞེས་མཁས་དབང་ཤིབནཱརཱཡཎ་མཆོག་གི་སྙན་འགྲེལ་ལས་གསུངས།
[41] ཁོང་གིས་མཛད་པའི་མེ་ལོང་མའི་རྒྱ་འགྲེལ་ལས།
[42] སློབ་དཔོན་བྷབབྷཱུཏི་མཆོག་ནི་མཧཱབཱིརཅརིཏ་དང། མཱལཏཱིམཱདྷབ་དང། ཨུཏྟརརཱམཅརིཏ་སྟེ་སྙན་རྩོམ་གྲགས་ཆེན་འདི་རྣམས་ཀྱི་རྩོམ་པ་པོ་ཡིན། ཁོང་གི་རྩ་བའི་གནས་ཡུལ་ནི་བིདརྦྷ་ཡིན། ཁོང་ཀཤྨིར་གྱི་རྒྱལ་པོ་ལལིཏཱདིཏྱ་ (འདས་ལོ་ ༦༩༣ ནས་ ༧༢༩) ཞེས་བྱ་བས་གནས་དབྱུང་བཏང། ཡིན་ནའང་ཀཱནྱཀུབྗའི་རྒྱལ་པོ་ཡཤོབརྨཱ་མཆོག་གི་མདུན་ན་འདོན་ཡིན། དེས་ན་བྷབབྷཱུཏི་ཡི་ལོ་དུས་ནི་དུས་རབས་བདུན་པའི་སྨད་ཆ་ཙམ་ལ་ཡིན།
[43] སློབ་དཔོན་མཱགྷ་མཆོག་ནི་སྙན་ངག་ཆེན་པོ་གསུམ་མམ་ལྔའི་ཡ་གྱལ་ཤིཤུཔཱལབདྷ་སྟེ་གཞོན་ནུ་སྐྱོང་བསད་ཅེས་པའི་རྩོམ་པ་པོ་ཡིན། འོ་ན་གཞོན་ནུ་སྐྱོང་ཞེས་པ་དེ་སུ་ཡིན་ཞེ་ན། ཁོང་ནི་ཅེདིའི་རྒྱལ་པོ་ཡིན། ཡབ་ཀྱི་མཚན་ལ་དམགྷོཥ་ཟེར། དེ་ཡང་བིཥྞུཔུརཱཎ་ཏེ་ཁྱབ་འཇུག་སྔོན་རབས་ལས། རྒྱལ་པོ་འདིའི་སྔོན་གྱི་སྐྱེ་བ་གཅིག་ལ་སྲིན་རྒྱལ་སྡིག་ཅན་ཧིརཎྱཀཤིཔུ་ཞེས་པ་དེ་ཡིན། དེའི་ཚེ་ཁོང་ཁྱབ་འཇུག་མིའི་སེང་གེའི་གཟུགས་སུ་སྤྲུལ་ཏེ་བསད། དེའི་རྗེས་ཧིརཎྱཀཤིཔུ་སླར་ཡང་མགྲིན་བཅུ་རཱབན་ཞེས་པར་སྐྱེས་པའི་ཚེ་རཱམ་སྟེ་དགའ་བྱེད་ཀྱི་མདས་བསད། དེ་ནས་སླར་ཡང་ཡབ་དམགྷོཥ་ཞེས་ཞུ་བ་དེའི་ཁྱིམ་དུ་སྐྱེས། རྒྱལ་པོ་གཡུལ་ངོར་བརྟན་པའི་རཱཇསཱུཡ་ཞེས་པའི་སྦྱིན་སྲེག་གི་དུས་སུ་གཞོན་ནུ་སྐྱོང་ཞེས་ཞུ་བའི་རྒྱལ་པོ་དེ་ཁྱབ་འཇུག་གི་སྤྲུལ་པ་བརྒྱད་པ་བཅོམ་ལྡན་ནག་པོས་འཁོར་ལོ་བསྣུན་ཏེ་བསད་དོ། །དེས་ན་གཞོན་ནུ་སྐྱོང་དེ་ནག་པོའི་འཁོར་ལོའི་འོག་ཏུ་གྲོངས་པ་ད་ག་རང་ཤིཤུཔཱལབདྷ་ཞེས་པའི་བརྩམས་གཞུང་གི་བརྗོད་བྱ་ལྟེ་བ་དེ་ཡིན་ནོ། །སློབ་དཔོན་མཱགྷ་ཁོང་དུས་རབས་བརྒྱད་པའམ་དགུ་པའི་ནང་བྱོན་པ་ཡིན།
[44] ཁོང་གིས་བརྩམས་པའི་གཞོན་ནུ་བཅུའི་སྤྱོད་པའི་གླེང་བརྗོད་ལས།
[45] ཁོང་གིས་བརྩམས་པའི་གཞོན་ནུ་བཅུའི་སྤྱོད་པའི་གླེང་བརྗོད་ལས།
[46] ཁོང་གིས་བྲིས་གནང་མཛད་པའི་ཤོག་ལྷེ་བསེ་རུ་མ་ལས།
[47] ལེགས་སྦྱར་གྱི་སྐད་དུ་ཡོད་པའི་གནའ་སྔ་བོའི་ལེགས་བཤད་ལས།
[48] མཁས་དབང་ཀ་ལེའི་གཞོན་ནུ་བཅུའི་སྤྱོད་པའི་སྔོན་བྱང་ལས།
[49] ཚིགས་བཅད་འདི་རཱཇཤེཁར་གྱི་གསུང་ཡིན་ཞེས་མཁས་དབང་པི་ཊར་སན་མཆོག་གིས་དང་པོར་གསུངས་སོ། །
[50] མཁས་དབང་སུབནྡྷུ་མཆོག་གིས་མཛད་པའི་བཱསབདཏྟཱ་ལས།
[51] ཁོང་གིས་མཛད་པའི་མེ་ལོང་མའི་འགྲེལ་པ་ལས།


གསོལ་ཇ་ཁང་གི་ཀྱལ་གཏམ། གསོལ་ཇ་ཁང་གི་ཀྱལ་གཏམ། Reviewed by ཆོས་དུང་ དཀར་པོ། on 5:23 AM Rating: 5

No comments: