མཁས་གྲུབ་བྱེ་བའི་གཙུག་རྒྱན་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག

ངེས་དོན་གྱི་མཁས་གྲུབ་ཆེན་པོ་མཁན་ཆེན་ངག་དབང་ཡོན་ཏན་བཟང་པོའམ་ཡོངས་གྲགས་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་ནི་སྡེ་དགེ་ཆོས་རྒྱལ་གྱི་བློན་པོའི་རིགས་རྒྱུད་ཡབ་བཀྲ་ཤིས་དང། ཡུམ་བཀྲ་ཆོས་གཉིས་ཀྱི་སྲས་སུ་སྡེ་དགེ་ཀུ་སེ་ཞེས་པའི་ཡུལ་དུ་སྐུ་འཁྲུངས། སྐུ་ན་ཕྲ་མོ་ནས་༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པས་རྒྱུ་ནེ་དགོན་གྱི་རེ་ཆུང་ཚེ་དབང་དཔལ་འབྱོར་ཞེས་པའི་གྲུབ་ཆེན་དེའི་ཡང་སྤྲུལ་དུ་ངོས་འཛིན་གྱི་བཀའ་རྒྱ་གནང་ཡང། ཡབ་ཀྱི་བཀའ་དགོངས་བཞིན་ས་དགོན་གསེར་ལྗང་དགོན་པར་ཆོས་སྒོར་ཞུགས། སྐུ་ནར་སོན་པ་དང་ཁམས་བྱེ་རྫོང་སར་བཤད་གྲྭར་སློབ་གཉེར་དུ་ཕེབས། རྫོང་སར་མཁན་ཆེན་བློ་གྲོས་རྒྱལ་མཚན་དང། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། མཁན་ཆེན་དམ་ཆོས་དཔལ་བཟང་སོགས་མཁས་གྲུབ་དུ་མའི་ཞབས་ཀྱི་པདྨོ་མཉེས་པ་གསུམ་གྱིས་བསྟེན་ཏེ། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་ཐོས་བསམ་གྱིས་བརྡར་ཤ་བཅད་དེ་མཁས་པའི་མཚན་སྙན་ཆེས་ཆེར་རྒྱས། ༸སྐྱབས་མགོན་༸གོང་མ་རིན་པོ་ཆེ་དང། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས། སྡེ་གཞུང་མཆོག་སྤྲུལ་ཨ་འཇམ་རིན་པོ་ཆེ། སྒ་བླ་མ་འཇམ་དབྱངས་རྒྱལ་མཚན་སོགས་ལས་གསར་རྙིང་གི་གདམས་པ་སྤྱི་དང་ཁྱད་པར་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་དེ་རྒྱུད་དང་གདམས་པའི་གསང་བའི་མཛོད་དུ་གྱུར། གང་གསན་བཞེས་གནང་བ་དེ་དག་ཀྱང་ཐོས་བསམ་གྱི་གོ་ཡུལ་ཙམ་དུ་མ་སོང་བར། སྒོམ་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བ་ཡང་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་སྤངས་བ་སོགས་ཡོན་ཏན་གྱི་མཚན་མ་མཐོང་ཆོས་སུ་མཇལ་དུ་ཡོད། འོན་ཀྱང་སྐུ་ཚེ་ཧྲིལ་པོར་སྦས་པའི་རྣལ་འབྱོར་གྱི་ཚུལ་བཟུང་སྟེ་དུས་ནར་མའི་གསང་གསུམ་གྱི་མཛད་སྤྱོད་རྣམས་དམ་ཆོས་འདུལ་བ་དང་མཐུན་པ་དད་ལྡན་དྭངས་བ་འདྲེན་པ་ཤ་སྟག་གནང། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་བ་ཡང་། བོད་དུ་ཁམས་བྱེ་བཤད་གྲྭ་དང་། ངོར་ཨེ་ཝཾ་ཆོས་ལྡན་གྱི་བཤད་གྲྭ ཀུ་སེ་གསེར་ལྗང་བཤད་གྲྭ་སོགས་ན་འཆད་ཉན་ཡུན་རིང་བསྐྱངས་ཏེ་བསྟན་པར་ཕྱག་རྗེས་རླབས་པོ་ཆེ་འཇོག་པར་མཛད། དུས་འགྱུར་གྱི་སྐབས་འཕགས་ཡུལ་དུ་ཞབས་སོར་བཀོད་དེ་བསྟན་པའི་གཞི་མ་ཚུགས་པ་ལ་བཤད་པ་དང་སྒྲུབ་པ་ཁོ་ན་གལ་ཆེ་བར་དགོངས་ཏེ། ༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་བདག་རྐྱེན་འོག་ཕྱི་ལོ་ ༡༩༧༢ ལོར་བཙན་བྱོལ་དུ་ས་སྐྱ་པའི་རང་རྐང་འཛིན་པའི་འཆད་ཉན་གྱི་གྲྭ་ས་སྐྱ་མཐོ་སློབ་ཕྱག་བཏབ། ཐུགས་བསྐྱེད་ཆེན་པོས་ (༡༩༧༢-༡༩༨༤) འཆད་ཉན་ཡུན་རིང་མཛད་པ་ལས་འཕགས་ཡུལ་དུ་ས་སྐྱ་པའི་མདོ་སྔགས་ཀྱི་བཤད་རྒྱུན་རང་རྐང་ཚུགས་ཏེ་འཆི་ཁ་མའི་སྲོག་མཐུད་པ་ལྟ་བུར་མཛད་པའི་བཀའ་དྲིན་ནི་གསབ་པར་ག་ལ་ནུས། 

ཕྱི་ལོ་ ༢༠༠༡ ལོར་བལ་ཡུལ་དུ་ཕྱི་རྒྱལ་ནང་ཆོས་དོན་གཉེར་ཅན་ཚོར་དམིགས་ཏེ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་ཕྱག་བཏབ། དེ་བཞིན་ཡུལ་གྲུ་དུ་མར་བཞུགས་པའི་བཤད་སྒྲུབ་ཀྱི་བསྟི་གནས་ཁག་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་མཐུན་འགྱུར་དང་ལམ་སྟོན་རྟག་ཏུ་མཛད་པ་དང། རྒྱལ་བསྟན་ཡུན་དུ་གནས་པ་ལ་ལུང་གི་ཆོས་ཀྱང་ཧ་ཅང་གལ་ཆེ་བར་གཟིགས་ཏེ། ཕྱོགས་གང་ས་ནས་དཔེ་རྙིང་འཚོལ་བསྡུད་དང། འཐོར་བསྒྲིགས། པར་དུ་བཏབ་སྟེ་པུ་སྟི་བརྒྱ་ཕྲག་དུ་མ་སྤེལ་བར་མཛད། རྒྱུན་དུ་ཆོས་སྤྱོད་ཀྱི་བྱ་བ་གང་ལ་ཡང་སླ་ཆོས་གཏན་ནས་མི་མཛད་པར་རྒྱལ་བའི་གསུང་དང་མཐུན་ཞིང། རིག་པ་དང་མི་འགལ་བར་བསྟན་པ་རིན་པོ་སྤུས་གཙང་ལ་ཚད་དང་ལྡན་པ་འབའ་ཞིག་ཡོང་ཐབས་མཛད། བསྟན་འཛིན་གྱི་སྐྱེས་བུ་དག་ལ་འཕྲལ་ཕུགས་རྒྱང་གསུམ་ལ་སྨན་པའི་ལམ་སྟོན་དང། གསུང་རབ་ཀྱི་དཀའ་བའི་གནད་རྣམས་ཡང་ཡང་བཀྲལ་བར་མཛད། ཁྱད་པར་དཔལ་ལྡན་ས་སྐྱ་པའི་བསྟན་པའི་བདག་པོ་༸སྐྱབས་མགོན་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང། སྒྲུབ་བརྒྱུད་བསྟན་པའི་བདག་པོ་འབྲི་གུང་༸སྐྱབས་མགོན་རིན་པོ་ཆེ་སོགས་གསར་རྙིང་གི་མཁས་གྲུབ་དུ་མས་ཀྱང་གསུང་གི་བདུད་རྩི་བཞེས་ཏེ་གཙུག་ཏུ་བཀུར། གུར་དང་སཾ་པུ་ཊ་སོགས་རྒྱུད་ཀྱི་འཆད་ཉན་གྱི་རྒྱུན་རྩ་བརླག་ཏུ་འགྲོ་ཉེན་ཆེ་བ་དུ་མ་འཆད་སྤེལ་མཛད་པ་དང། རྩ་བརྒྱུད་བརྟག་པ་གཉིས་པའི་འགྲེལ་ཆེེན་སོགས་མཁས་པ་མགུ་བའི་ལེགས་བཤད་དུ་མ་མཛད་དེ་དུས་རབས་འདིར་ས་སྐྱ་པའི་བསྟན་པའི་མེས་པོ་ཆེན་པོར་གྱུར། མཐར་དགུང་གྲངས་ ༨༨ ཕེབས་པ་བོད་ཟླ་ ༡༡ སྔ་མའི་ཚེས་ ༢༣ ཉིན་ཞིང་བརྗེ་བའི་དུས་ཚིགས་གཏན་ལ་ཕབ་པ་ལྟར། ཆུ་ཚོད་ ༩:༣༠ ཐོག་དབུ་བྱང་དུ་བསྟན། གཞོགས་གཡས་ས་ལ་ཕབ། སྐུ་ལུས་ལ་སྙུན་ཟུག་ཕྲ་མོ་ཙམ་ཡང་མེད་པར་རེ་ཞིག་དགོངས་པ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག། ཐུགས་དམ་ཉིན་གསུམ་བཞུགས་ཏེ་ཉིན་བཞི་པར་ངོ་མཚར་བའི་རྟགས་སྣ་ཚོགས་དང་བཅས་ཐུགས་དམ་གྲོལ་བའི་ཚུལ་བསྟན་ནོ། །
མཁས་གྲུབ་བྱེ་བའི་གཙུག་རྒྱན་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག མཁས་གྲུབ་བྱེ་བའི་གཙུག་རྒྱན་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག Reviewed by ཆོས་དུང་ དཀར་པོ། on 9:50 AM Rating: 5

No comments: