ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཐོར་བུ་འགའ་ཞིག་ལ་དཔྱད་པའི་འཕྲོས་གླེང་ཙམ།

 བེ་རི་འཇིགས་མེད། {ཝ་རཱ་ཎ་སི}

ཚངས་མགུར་དུ་གྲགས་པའི་ཚིགས་བཅད་ང་བརྒྱད་མན་ཆད་ཀྱི་མགུར་གླུ་རྣམས་ཚངས་དབྱངས་རྒྱ་མཚོ་རང་ཉིད་ཀྱི་གསུང་རྩོམ་དངོས་ཡིན་མིན་ཐོག་སྔོན་གྱི་བཞེད་སྲོལ་དང་དེང་གི་དཔྱད་བརྗོད་པ་མི་ཉུང་བ་ཞིག་གི་བཞེད་སྲོལ་མི་མཐུན་པ་དུ་མ་སྣང་སྟེ། དེ་ཡང་ཕྱོགས་བསྡོམས་བྱས་ན། ཁག་གཅིག་གིས་གཞས་ཚིག་གི་གྲངས་འབོར་ཐད་ཚིགས་བཅད་ལྔ་བཅུ་ལྷག་ཡོད་པ་ཞིག་དང། དྲུག་ཅུ་ལྷག་ཡོད་པ[1]། བདུན་ཅུ་ལྷག་ཡོད་པ། བརྒྱ་དང་ཉི་ཤུ་ལྷག་ཡོད་པ། ད་དུང་བརྒྱ་དང་དྲུག་ཅུ་ལྷག་ཡོད་པ་སོགས་ཆ་བཞག་མི་ཐུབ་པའི་རྒྱུ་མཚན་བགྲང་ནས། ཐ་ན་གོང་གསལ་ཚིགས་བཅད་ང་བདུན་པོ་དེ་དག་ཀྱང་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་མ་ཡིན་པར་འདོད་པ་དང། འགའ་ཞིག་ལྷ་སའི་ཤིང་པར་རྙིང་པའི་ནང་དུ་ཚིགས་བཅད་ང་བདུན་ཡོད་པ་དེ་ཉིད་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་དངོས་ཡིན་པ་དང། དེ་འཕྲོས་རྣམས་ཕྱིས་ཀྱི་རྒྱ་ཆེའི་མང་ཚོགས་ཁྲོད་ནས་ངག་གི་སྒྱུ་རྩལ་བ་དུ་མའི་རིག་པའི་ཀློང་ནས་བརྡོལ་བའི་ཐོལ་གླུ་རྣམས་ཕྱོགས་བསྡུས་བྱས་པའི་མགུར་ཚིག་ཡོངས་རྫོགས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་རྩོམ་བྱང་གཅིག་གི་ནང་དུ་བསྡུས་པར་འདོད། 


ཁོ་བོ་ཅག་གོང་གསལ་འདོད་ཚུལ་དེ་གཉིས་ལས་ཕྱི་མ་ལ་རྒྱུ་མཚན་ངེས་ཅན་ལྡན་པས་མཐའ་གཅིག་ཏུ་དགག་བཞག་ཞུ་འདོད་མེད་མོད། སྔ་མ་ནི་གོང་དུ་ལ་ལས་དགག་བཞག་བྱས་ཟིན་པ་དེས་འཐུས་པ་བྱས། ཕྱི་མ་འདི་ཉིད་ལ་དབྱེ་ཞིབ་རགས་ཙམ་བྱས་ན། ཕྱོགས་སྔ་མའི་བཞེད་དགོངས་ལྟར་བརྗོད་གཞིའི་ཁ་ཕྱོགས་དང་ཚིག་སྦྱོར་གི་སྒྱུ་རྩལ་གཉིས་ཐད་ནས་ཚངས་མགུར་དང་འདྲ་སེ་ཡོད་པ་དབུས་གཙང་ཁུལ་དང་ལྷག་དོན་རྒྱལ་ས་ལྷ་སའི་ཉེ་འཁོར་གྱི་མགུར་གཞས་གསར་པ་ཕལ་པོ་ཆེ་ཕྱོགས་བསྡུས་བྱས་པ་རེད་གསུངས་པར་རྒྱུ་མཚན་ལྷག་པར་ལྡན་ཏེ། གོང་གསལ་ལྷ་སའི་པར་རྙིང་ཐོག་འཁོད་པ་དེ་རིགས་ནི། རྒྱ་ཆེའི་མང་ཚོགས་ལས་བསྡུ་རུབ་བྱེད་བློ་དང་བྱེད་ལོངས་མ་བྱུང་གོང་ནས། གོང་འོག་འབྲེལ་ཆགས་པའི་ཚིགས་བཅད་ང་བདུན་གྱི་བདག་ཉིད་དུ་གྲུབ་པ་དཔེ་སྐྲུན་ཟིན་པ་དེ་ཉིད་ལ་དྭོགས་པ་དགོད་དོན་གང་ཡང་མེད་མོད། གསོན་ཉམས་ལྡན་པའི་གསུང་མགུར་དེ་དག་པར་ཡིག་གི་ལམ་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཁྲོམ་གཞུང་དུ་སླེབས་མ་ཐག སྒྱུ་རྩལ་གྱི་ངག་རིག་གསར་པ་ཞིག་གི་སྒོ་ཆེན་འབྱེད་པའམ་ཤིང་རྟའི་ལམ་སྲོལ་ཆེན་པོ་ཞིག་འབྱེད་པ་དང་མཉམ་དུ་རྒྱ་ཆེ་མང་ཚོགས་ཀྱི་ཁྲོད་དུ་དབྱར་ཁའི་མཚོ་རླབས་དང་སྟོན་ཀའི་རླུང་རླབས་བཞིན་འཕྱུར་ཞིང་གཡོ་བའི་མགུར་ཚིག་གི་འཕེལ་རིམ་གསར་པ་ཞིག་མགོ་འཛུགས་ཀྱི་དབུ་ཁྱུད་བྲིས་ཏེ། གློ་བུར་དུ་ལྷ་སའི་ཁྲོམ་གཞུང་ཙམ་དུ་མ་ཟད་རྩྭ་རི་ལ་མེ་ལྕེ་མཆེད་པ་དང་གཙང་ཆེན་ལ་རླབས་རིས་བརྡོལ་པ་བཞིན་གང་སར་དར་བའི་སྤྱི་མིང་ལ་མཛའ་གཞས་དང་མགུར་གླུ་འདོགས་རྒྱུའི་ཚབ་ཏུ། ཐོག་མ་གང་ནས་དར་སྲོལཤུགས་ཆེན་བྱུང་བའི་མིང་དེ་སྤྱི་མིང་དུ་སོང་སྟེ། དེ་རིགས་ཡོངས་རྫོགས་ལ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་སྤྱི་ཚོགས་ནང་གྲགས་ཆེ་བ་བྱུང། 

གང་ཞིག་གྲགས་པའི་ཐ་སྙད་དེ་ཉིད་གཞི་ལ་བཞག་ནས་ལྷ་སའི་པར་པ་ཚོས་པར་ཤིང་དུ་བཀོད་པའི་ཁ་བྱང་ཡང་དེ་ག་རང་བྲིས་པ་ནས། ཐ་སྙད་དེ་དང་སྔ་བས་ཁྱབ་ཆེའི་རང་བཞིན་ལྡན་པའི་ལམ་ནས་མདོ་དབུས་སྐོར་གསུམ་ལ་རིམ་བཞིན་ཁྱབ་པ་ཞིག་ཡིན་པ་ལས་། དོན་དངོས་ཐོག་དེ་དག་ཡོངས་རྫོགས་ཚངས་དབྱངས་རྒྱ་མཚོས་བརྩམས་པ་ཞིག་ཏུ་ཁོ་བོས་ཀྱང་མི་འདོད་དེ། འོ་ན་མགུར་ཚིག་དེ་དག་གི་ནང་ནས་གང་ཞིག་ཚངས་དབྱངས་རྒྱ་མཚོས་གསུངས་པ་དང་། གང་ཞིག་གསུང་རྩོམ་དངོས་མིན་པའི་ཁྱད་པར་ཇི་ལྟར་འདོད་དམ་ཞེ་ན། གོང་འཁོད་དེ་རིགས་ཚངས་དབྱངས་རྒྱ་མཚོའི་གསུང་རྩོམ་ཡིན་པ་བཤད་མ་དགོས་པའི་ཐོག དེ་རྗེས་ཀྱི་ཚིགས་བཅད་རེ་བདུན་བར་གྱི་མགུར་ཚིག་དེ་དག་ཀྱང་ཚངས་དབྱངས་རྒྱ་མཚོའི་གསུང་རྩོམ་དུ་འདོད། འོ་ན་ཚིགས་བཅད་ང་བདུན་པ་ཡན་ཆད་དང་དེ་མན་ཆད་ལ་ཁྱད་པར་ཇི་ལྟར་ཡོད་དམ་ཞེ་ན། སྔ་མ་ནི་གོང་འོག་བརྗོད་གཞི་དང་གནད་དོན་མུ་འབྲེལ་དུ་ཡོད་པའི་རྩོམ་རིང་ནར་མོའི་རང་བཞིན་གཅིག་ཏུ་གྲུབ་པ་ཡིན་ལ། དེ་མན་ཆད་ཀྱི་ཚིགས་བཅད་འགའ་ཞིག་ནི་ལྷ་སའི་ཞོལ་གྱི་ཆང་ཁང་དུ་ཆང་གིས་བཟི་བའི་སྐབས་གློ་བུར་ཐོལ་བྱུང་གིས་བརྡོལ་བའི་གསུངས་མགུར་ཐོར་བུ་བ་ཡིན་པ་ལས། ཚིག་སྦྱོར་གོང་འོག་གོ་རིམ་འགྲིགས་པའི་སྐད་ཆའི་རང་བཞིན་ཆ་ཚང་ལྡན་པ་དེ་འདྲ་མིན་པས། ཚིགས་བཅད་ང་བདུན་ཡན་ཆད་དུམ་བུ་གཅིག་དང་མན་ཆད་དུམ་བུ་གཅིག་ཏུ་མི་ཕྱེ་ཀ་མེད་ཡིན། དེ་ལྟར་ངང་པས་ཆུ་ལས་འོ་མ་འབྱེད་པ་ལྟར། དེ་སྔོན་བོད་ཀྱི་སྤྱི་ཚོགས་གང་སར་གྲགས་ཆེ་བའི་མགུར་གཞས་དེ་དག་གི་ནང་ནས། ཚངས་དབྱངས་རྒྱ་མཚོའི་གསུང་མགུར་གང་ཞིག་ཡིན་པ་དང་། དེ་ལའང་བརྗོད་གཞི་གོ་རིམ་ལྡན་དང་མི་ལྡན་གྱི་སྒོ་ནས་དུམ་བུ་གཉིས་སུ་ཕྱེས་པའི་སྔ་མའི་འགྲེལ་བརྗོད་ཟིན་ནས། ད་ནི་བརྗོད་གཞི་གོ་རིམ་མི་ལྡན་པའི་ཐོར་བུའི་གསུང་མགུར་དེ་དག་གི་འགྲེལ་བརྗོད་རགས་ཙམ་ཞུ་བ་འདོད་དོ། །

ང་བརྒྱད། མདའ་མོ་འབེན་ལ་ཕོག་སོང། །མདེའུ་ས་ལ་འཛུལ་སོང། །ཆུང་འདྲིས་བྱམས་པ་ཕྲད་བྱུང། །སེམས་ཉིད་རྗེས་ལ་འབྲངས་སོང། །
མདའ་མོ་འཕེན་བསམ་སའི་འབེན་དེ་ག་རང་ལ་ཕོག་སོང་བར་མ་ཟད་འབེན་གྱི་དཀྱིལ་ནས་ཕུག་སྟེ་མདེའུ་ཡང་ས་ལ་ཟུག་སོང་བ་དཔེར་བཀོད་ནས། དོན་ལ་ཚངས་དབྱངས་རྒྱ་མཚོ་རང་ཉིད་སེམས་ལ་སོང་སའི་ལྷ་སའི་ཞོལ་གྱི་ཆང་ཁང་ནང་གི་ཆུང་འདྲིས་བྱམས་པ་དང་ཕྲད་ནས་གཟུགས་པོ་ཤ་འདྲེས་པགས་འདྲེས་བྱེད་རྒྱུ་བྱུང་བར་མ་ཟད། སེམས་པ་ཡང་གཅིག་སེམས་གཅིག་ལ་ཆགས་སོང་ཞེས། མཚན་མོར་ཞོལ་ཆང་ཁང་ནང་དུ་ཆང་འཐུང་བ་མང་པོ་དང་མཉམ་དུ་མཆོད་ཆང་ཡུན་རིང་མཆོད་པས་སྐུ་ར་བཟི་པའི་ངང་ནས་ཞབས་ཏག་རྒྱག་གིན་རྒྱག་གིན་ཐོལ་བྱུང་དུ་བླངས་པའི་མགུར་གཞས་དུམ་བུ་ཞིག་རེད། གསུང་མགུར་འདི་ནི་ལྷ་བཟང་ཕྱོགས་ཁག་གིས་སྡེ་སྲིད་དག་ཞིང་ལ་བཏང་བའི་ཤུལ། དྲག་ཤུགས་ཀྱི་མདུང་རྩེ་དེ་ཚངས་དབྱངས་རྒྱ་མཚོའི་ཐོག་གཏོད་ལ་ཉེ་བའི་སྐབས་ཡིན་ལ། ལྷ་བཟང་ཕྱོགས་གཏོགས་ཀྱིས་ཚངས་དབྱངས་རྒྱ་མཚོའི་ཀུན་སྤྱོད་ལ་བསྙད་བཏགས་ནས། སྐྲག་དགོས་སར་ཀི་རྒྱག ཁྲེལ་དགོས་སར་མཇེ་བསྟན་ནས་ཚངས་དབྱངས་རྒྱ་མཚོའི་བྱ་སྤྱོད་ཐད་རྒྱ་གྲགས་བོད་གྲགས་ཀྱིས་སྦིར་གྲགས་ཆེན་པོ་བྱེད་བཞིན་པའི་སྐབས་དེར། རང་སེམས་རང་གི་གསོ་ཐབས་ཀྱིས་མཆོད་ཆང་ཚད་མེད་བཏུང་ནས་སྐུ་ར་སྦིར་པའི་སྐབས་ཀྱང། ཐུགས་སེམས་སྤྲོ་བོ་མེད་སྟབས། བྱེད་འདོད་པ་ཡོངས་རྫོགས་བྱེད་རྒྱུ་བྱུང་བས་ད་ནི་འགྱོད་པ་མེད་པའི་རྣམ་པས་རང་སེམས་གསོ་ཐབས་བྱས་པ་ཞིག་རེད།

འགའ་ཞིག གསུང་མགུར་འདི་སྡེ་སྲིད་བཀྲོངས་ནས་ཡུན་རིང་མ་སོང་བའི་སྐབས། ཐུགས་སེམས་སྐྱོ་སྣང་དང་དངངས་སྐྲག་ཆེན་པོའི་སྒོ་ནས་གསུང་པ་རེད། འདིའི་ནང་གི་ཆུང་འདྲེས་བྱམས་པ་ནི་སྡེ་སྲིད་རེད། རང་ཉིད་ཆུང་དུས་ནས་སྡེ་སྲིད་དང་འགྲོགས་འདྲིས་བྱུང་བས། ད་ཆར་ལྷ་བཟང་ཁང་ཕྱོགས་ཁག་གིས་འཕེན་པའི་མདའ་མོ་ལུས་ཐོག་ཏུ་ཟུག་ནས་ཤི་ལམ་དུ་སོང་ནའང་ཚངས་དབྱངས་རྒྱ་མཚོ་བདག་གིས་སེམས་པ་ནི་སྡེ་སྲིད་ཀྱི་རྗེས་སུ་རང་དབང་མེད་པར་སོང་ཚུལ་དེ་བསྟན་པ་རེད་ཟེར།[2] 

ང་དགུ་པ། རྒྱ་གར་ཤར་གྱི་རྨ་བྱ། །ཀོང་ཡུལ་མཐིལ་གྱི་ནེ་ཙོ། །འཁྲུངས་ས་འཁྲུངས་ཡུལ་མི་གཅིག །འཛོམས་ས་ཆོས་འཁོར་ལྷ་ས། །
རྒྱ་གར་ཤར་གྱི་རྨ་བྱ་དང་འདྲ་བའི་ཚངས་དབྱངས་རྒྱ་མཚོ་རང་ཉིད་དང་།ཀོང་ཡུལ་མཐིལ་གྱི་ནེ་ཙོ་དང་འདྲ་བའི་ལྷོ་ཁ་ནས་ཡིན་པའི་ཞོལ་ཆང་ཁང་གི་ཆང་མ་བུ་མོ་གཉིས། སྐྱེས་ས་སྐྱེས་ཁུངས་མི་གཅིག་ནའང། འཛོམས་ས་ཆོས་འཁོར་དཔལ་གྱི་ལྷ་སའི་ཞོལ་གྱི་ཆང་ཁང་ནང་དུ་རེད་ཅེས། ཚིག་དོན་གོང་འོག་གཞན་དག་དང་ཕན་ཚུན་གོ་རིམ་འབྲེལ་བ་མེད་པར་མཆོད་ཆང་གི་སྐུ་ར་སྦིར་བའི་སྐབས། ཕྱག་གཡོན་མས་ཆང་མ་བུ་མོའི་སྐེ་ལ་འཐམ་བཞིན་ཕྱག་གཡས་པས་ཆང་ཕོར་བཏེགས་ནས་ཞབས་ཏག་རྒྱག་གིན་བླངས་པའི་གསུང་མགུར། ག་ལེར་ཤོག་ཛར་ཐོག་ཏུ་ཕབ་པའི་བརྩེ་དུང་གི་མཛའ་གཞས་དུམ་བུ་ཞིག་རེད་ཟེར་ན་ཆོག། དོན་དངོས་ནི། རྒྱ་གར་ཤར་གྱི་རྨ་བྱ་ནི་ཚངས་དབྱངས་རྒྱ་མཚོ་རང་ཉིད་ཡིན། དེ་ཡང་རྨ་བྱ་ནི་འདབ་ཆགས་གཞན་དང་མི་འདྲ་བར་དུག་ཟོས་ན་མི་འཆི་བར་མ་ཟད་སྒྲོ་མདངས་རྒྱས་སུ་འགྲོ་བ་ལྟར། ཚངས་དབྱངས་རྒྱ་མཚོ་རང་ཉིད་ཀྱང་སྐྱེ་བོ་ཕལ་པ་གཞན་དང་མི་འདྲ་བར་ཐུན་མོང་སྣང་ངོར་ནག་ཆང་བག་མེད་ཏུ་སྤྱོད་པའི་བྱ་བྱེད་ཐ་ཆད་ལྟ་བུར་སྣང་ཡང་།ས་ལམ་གྱི་རྟོགས་པ་མཐོན་པོར་སླེབས་ཟིན་པས་ཉེས་པ་མེད་པ་དེ་ཤུགས་ལ་བསྟན་པ་རེད། ཀོང་ཡུལ་མཐིལ་གྱི་ནེ་ཙོ་ནི་ལྷ་བཟང་བར་ཟེར་བ་རེད། ནེ་ཙོར་བྱ་སྐད་དང་མི་སྐད་སྨྲ་བའི་ལྕེ་གཉིས་ལྡན་པ་ལྟར་ལྷ་བཟང་གིས་ཀྱང་། ཕྱོགས་གཅིག་ནས་རྒྱལ་བསྟན་སྤྱི་དང་དགེ་ལྡན་པར་དད་པ་ཆེ་ཁུལ་ཐོག་རྒྱལ་བ་ཡབ་སྲས་ལའང་བཀུར་བཟོས་ཆེན་པོ་བྱེད་པའི་ཟོལ་བྱེད་ཀྱང་། རང་ཉིད་ཀྱི་སྲིད་དབང་ལ་ཐུག་དུས། གོང་མ་ལ་སྡེ་སྲིད་ཀྱིས་ངོ་ལོག་བྱ་སྤྱོད་སྤེལ་ཚུལ་དང་། ཚངས་དབྱངས་རྒྱ་མཚོ་ཏཱ་ལའི་ཡང་སྲིད་རྫུན་མ་ཡིན་ཚུལ་གྱི་ཞུ་ལོག་ཕུལ་བ་མ་ཟད་རྒྱལ་དབང་རང་ཉིད་མངོན་སུམ་འཛེམ་མེད་ཀྱིས་ཁྲི་ལས་ཕབ་སྟེ། ཁ་གཅིག་ནས་གཏམ་གཉིས་སྨྲ་བས་ནེ་ཙོ་ཞེས་འདོགས་པ་རེད། འཁྲུངས་ས་འཁྲུངས་ཡུལ་མི་གཅིག་པ་ནི། ས་ལམ་ཉམས་རྟོགས་ཀྱི་གོ་འཕང་མཐོན་པོར་སླེབས་པའི་སྐྱེས་བུ་དམ་པ་རང་ཉིད་དང་། ལུས་ངག་ཡིད་གསུམ་ཀ་འདོད་རྔམས་ཀྱི་ཉོན་མོངས་པས་གཞན་དབང་དུ་སོང་བའི་སྡིག་ཅན་ལྷ་བཟང་གཉིས་པོ། གསེར་དང་ར་གན་བཞིན་གང་ཟག་གི་རྒྱུད་རྟོགས་པའི་གནས་ཚད་མི་འདྲ་བའི་དོན་རེད། སྐྱེས་བུ་དམ་པ་ཞིག་སྡིག་ཅན་ལག་དམར་ཞིག་དང་མཉམ་དུ་འཛོམས་ས་ཆོས་འཁོར་ལྷ་ས་ལ་འཛོམས་པར་མ་ཟད་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱ་དགོས་བྱུང་བ་ཡང་གདུལ་བྱའི་ལས་སྣང་གིས་ཡིན་རྒྱུ་རེད། ཅེས་པ་འདི་ནི་ལྷ་བཟང་གིས་མི་བདག་བདག་པོ་བྱས། བདག་པོ་སྒོ་ཁྱིར་གྱུར་པའི་དཔེ་ལྟར་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ཀྱི་དབང་ཆ་ཡོངས་རྫོགས་ཧམ་ཟོས་བྱས་པར་མ་ཟད། དོན་གྱི་བདག་པོ་རང་ཉིད་གོང་མའི་ཁྲི་ལས་ཕབ་པ་མ་ཟད། ཐ་ན་བཙོན་པའི་ཟོལ་གྱིས་རྒྱང་འབུད་གཏོང་རྩིས་བྱེད་བཞིན་པ་ལ་ཐུགས་ཕམ་ཆེན་པོས་ཤོར་བའི་གསུང་མགུར་དུམ་བུ་ཞིག་རེད།

དྲུག་ཅུ་པ། མི་ཚོས་ང་ལ་ལབ་པ། །དགོངས་སུ་དག་པ་ཁག་ཐེག །ཨོ་ལོའི་གོམ་གསུམ་ཕྲ་མོ། །གནས་མོའི་ནང་ལ་ཐལ་སོང། །
འདི་མི་ཚོ་ནི་གཙོ་བོ་ལྷ་བཟང་ཕྱོགས་ཁག་ལ་གོ་དགོས། ཨོ་ལོ་ནི་ཚངས་དབྱངས་རྒྱ་མཚོ་རང་ཉིད་ཡིན། གནས་མོ་ནི་ཞོལ་ཆང་ཁང་གི་ཆང་མ་ཡིན། དེས་ན་ལྷ་སའི་ཁྲོམ་གཞུང་གི་རྒྱ་སྡེ་མི་ཚོགས་མཐུག་པོས་ཚངས་དབྱངས་རྒྱ་མཚོ་ང་ལ་ཀུན་སྤྱོད་ཚུལ་མཐུན་མེད་པའི་གཏམ་ངན་གང་སར་བསྒྲགས་པ་ལ། ངའི་ངོས་ནས་དགོངས་དག་ཐུགས་བདེན། དེ་དེ་བཞིན་ཡིན་ཞེས་ཁས་ལེན་བྱས་ཐོག ཕྱི་ཆད་དེ་འདྲ་མི་བྱེད་པའི་ཁག་ཐེག་བྱས་ནའང། ད་དུང་ཨོ་ལོའི་གོམ་གསུམ་གནས་མོའི་ནང་དུ་ཐལ་སོང་ཞེས། ལྷ་བཟང་ཕྱོགས་ཁག་གིས་རྒྱ་ཆེར་མང་ཚོགས་ལ་འུར་བསླངས་ནས་ཚངས་དབྱངས་རྒྱ་མཚོའི་ངན་སྤྱོད་ཐེར་འདོན་བྱས་པར་ཕྱི་ཚུལ་ཁས་ལེན་གནང་ནའང་། དོན་དངོས་ཐོག་ཁས་ལེན་རྩིས་མེད་དུ་བཏང་ནས། མུ་མཐུད་ཆང་མ་ཨ་མའི་ནང་དུ་ཕེབས་རྐྱང་བྱེད་ཀྱི་ཡོད་ཅེས། རང་ཉིད་ལ་ལྷ་བཟང་ཕྱོགས་ཁག་གིས་སྦིར་སྒྲགས་འོག་ལྷ་སའི་ཁུལ་གྱི་གཉུག་མར་གནས་པ་དང་། ཕྱོགས་ནས་ཡོང་པའི་བོད་སོག་མི་མང་ཤིན་ཏུ་མང་པོས་ལབ་ལབ་གང་ཞིག་གཏོང་གི་ཡོད་པ་དང་། དེ་ཉིད་གོ་སྐབས་བཟུང་ནས་ལྷ་བཟང་གིས་རང་ཉིད་ལ་བསམ་ངན་དང་བྱ་ངན་ག་རེ་བྱེད་རྩིས་ཡོད་པ་དེ་དག་ཁོག་རྩིས་གསལ་པོར་ཐོན་པས། སེམས་པ་སྤྲོ་པོ་མེད་པའི་རྣམ་པ་དེ་དག་མཆོད་ཆང་གིས་སྦིར་བའི་སྐབས་ཀྱང་གསལ་གསལ་ཏིག་ཏིག་ཏུ་ངེས་སྟབས། གནད་དོན་དེ་དག་ཞབས་ཏག་རྒྱག་གིན་གསུང་ནས་ཤོར་བའི་སྐྱོ་ཉམས་ཆེས་ཆེར་འདྲེས་པའི་མགུར་དབྱངས་ཤིག་རེད། འགའ་ཞིག། ལྷ་བཟང་གི་གནན་བཙིར་འོག་ཚངས་དབྱངས་རྒྱ་མཚོ་ཞོལ་ཆང་ཁང་དུ་ཆང་མའི་བུ་མོ་ཐུག་སར་ཡང་ཡང་ཕེབས་པ་དང་། དེ་ངོས་ལེན་གནང་དགོས་བྱུང་བ་དང་བཞུགས་ཞག་གནང་བ་ཁས་ལེན་མ་བྱས་པས། དེས་ན་ཚངས་དབྱངས་རྒྱ་མཚོ་རང་ཉིད་ཞོལ་ཆང་ཁང་དུ་ཕེབས་པ་ཙམ་ལས། དོན་དུ་མཚན་མོར་གསང་བའི་གནད་དོན་ཆབ་སྲིད་དང་འབྲེལ་བ་གཞན་ཞིག་གནང་གི་ཡོད་པའི་དྭོགས་པ་ཟ་འོས་པ་རེད་ཅེས་བཤད་འདུག[3]

གཞན་དག གསུང་མགུར་འདིའི་ནང་དོན། རྒྱལ་དབང་རིན་པོ་ཆེའི་མཛད་པར་བོད་སོག་གི་མི་རིགས་མང་པོས་ལོག་མཐོང་དང། སྐུར་འདེབས་ཅི་རིགས་ཡོང་གི་ཡོད་པ་རྣམས། དོན་དངོས་དང་མཐུན་པའི་མི་དམངས་ཀྱི་སྐྱོན་བརྗོད་དང་ལེན་གནང་བའི་ཁོང་གི་ཐུགས་རྒྱུད་བཟང་པོ་དེའང་གང་ལེགས་མཚོན་པ་ཡིན་ཞེས་འགྲེལ་འདུག[4]

རེ་གཅིག།ལྕང་མ་བྱེའུར་སེམས་ཤོར། །བྱེའུ་ལྕང་མར་སེམས་ཤོར། །སེམས་ཤོར་མཐུན་པ་བྱུང་ན། །སྐྱ་ཁྲ་ཧོར་པས་མི་ཐུབ། །
འདི་ནི་ཚངས་དབྱངས་རྒྱ་མཚོ་རང་ཉིད་སེམས་སོང་ཆང་མ་དེར་སེམས་པ་ཇི་ལྟར་སོང་བ་དང་སེམས་སོང་བུ་མོ་དེ་ཉིད་རང་ལ་སེམས་པ་ཇི་ལྟར་བ་དེ་ལྟར་མུ་མཐུད་གནས་ཐུབ་པ་བྱུང་ན་ཕྱི་ལོག་མིའི་མི་ཁ་ཇི་ཙམ་ལྡང་ནའང་བར་ཆོད་མི་ནུས་པའི་ཟོལ་གྱིས་དོན་ལ། སྡེ་སྲིད་དང་ལྷ་བཟང་བར་ཆབ་སྲིད་ཀྱི་འགལ་འདུ་ཉིན་རེ་ནས་ཉིན་རེར་རྣོ་ངར་ཇེ་ཆེར་སོང་སྟེ། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱས་པའི་མཇུག་འབྲས་སུ། སྡེ་སྲིད་ཕྱོགས་གཏོགས་དང་བཅས་པ་ཕམ་ཉེས་ཚབས་ཆེར་ཐེབས་ཏེ། དུས་ཟིངས་ཆེན་པོ་དེ་བྱུང་མ་ཐག རྒྱལ་དབང་རང་ཉིད་ཀྱི་དགོང་ས་པར་དེ་སྔོན་སྡེ་སྲིད་དགའ་ལྡན་ཕོ་བྲང་པའི་སྲིད་ཁྲིར་རྔམས་དྲགས་ནས་ཚངས་དབྱངས་རྒྱ་མཚོ་རང་ཉིད་འབུར་འཇོམས་མ་བྱས་པར་ལྕང་མ་དང་། བྱེའུ་བཞིན་ཕན་ཚུན་ལྟོས་བཅས་ཀྱི་འགྲོགས་འདྲིས་བརྟན་པོ་བྱས་ཡོད་ན། སྐྱ་ཁྲ་དང་འདྲ་བའི་ཧོར་སོག་ཇག་དམག་གིས་མི་ཐུབ་པ་དེ་དགོངས་ནས་བློ་འགྱོད་གཏིང་ནས་སྐྱེས་པའི་སྐྱོ་ཉམས་དེ་ཉིད། མཛའ་གཞས་ཀྱི་རྣམ་པར་བསྒྱུར་ནས་ཤོག་འཛར་ཐོག་བཀོད་པ་དུས་ཕྱིས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་སྲིད་སྙམ། འགའ་ཞིག གསུང་མགུར་འདི་ཉིད་སྤྱི་ལོ་༡༧༠༣ལོར་སྡེ་སྲིད་ངག་དབང་རིན་འབྱུང་གིས་སྲིད་དབང་སྐྱོང་སྐབས་སམ། ཡང་ན་སྤྱི་ལོ་༡༧༠༥ལོ་སྡེ་སྲིད་སངས་རྒྱས་མཚོ་སྐུ་བཀྲོངས་པའི་རྗེས་ལ་རྩོམ་པའང་ཡིན་སྲིད་པ་འདོད། སྐབས་དེར་རྩོམ་པ་པོའི་ཐུགས་དགོངས་ལ། གལ་ཏེ་ལྷ་བཟང་གིས་སྲིད་དབང་བསྐྱར་དུ་བཟུང་ན། སྡེ་སྲིད་ངག་རིན་འབྱུང་དང་རང་ཉིད་གནས་དབྱུང་གཏང་རྒྱུ་བཤད་མ་དགོས་པར་ཚོད་དཔོག་ཐུབ་པ་བཅས་ལ་བརྟེན་ནས། ལྕང་མ་དང་བྱེའུ་བཞིན་ཕན་ཚུན་བློ་སེམས་མཐུན་པོ་བྱེད་ཐུབ་ན། སྐྱ་ཁྲ་ཧོར་པ་སྟེ་སོག་རིགས་ཀྱིས་ཐུབ་ཚོད་གཏོང་མི་ཐུབ་པའི་དོན་དུ་འགྲེལ་པར་མ་ཟད། ད་དུང་ཚངས་དབྱངས་རྒྱ་མཚོ་ལ་གོ་སྐབས་དང་རྒྱབ་སྐྱོར་ཡོད་ན། ལྷ་བཟང་ལ་ཁ་གཏད་འཇལ་རྒྱུ་དང་སྲིད་དབང་རང་ཉིད་ཀྱིས་སྐྱོང་རྒྱུའི་རེ་བའི་ལྷག་མ་ད་དུང་ལུས་བསྡད་ཡོད་པ་དེ་ཡང་གསལ་ཚུལ་འཆད་པ་ནི། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་བྱུང་རིམ་མཐུན་པར་སྣང།[5]

རེ་གཉིས། ད་ལྟའི་ཚེ་ཐུང་འདི་ལ། །དེ་ག་ཙམ་ཞིག་བྱུང་ན། །རྟིང་མ་བྱིས་པའི་ལོ་ལ། །མཇལ་འཛོམས་ཨེ་ཡོང་ལྟ་འོ། །
གསུང་མགུར་འདི་ལྷ་བཟང་ཕྱོགས་ཁག་གིས་སྡེ་སྲིད་བཀྲོངས་ནས་ཕྱོགས་གཏོགས་རྣམས་རིམ་པ་བཞིན་འབུར་འཇོམས་བྱེད་བཞིན་སྐབས། ཚངས་དབྱངས་རྒྱ་མཚོ་རང་ཉིད་ཀྱང་ཞེ་ས་མ་ཞུས་ན་ར་བཤའ་སར་ལུག་འདར་བའི་དཔེ་ལྟར། གྲོག་མ་སླ་ང་ཚ་པོའི་ཐོག་བསྡད་པ་ནང་བཞིན། བཞུགས་བཟོད་མི་བདེ་བའི་ངང་ནས་བློ་འཚབ་ཆེན་པོའི་ཚོར་སྣང་མ་ཡལ་བར་ཤོག་མཛར་ཐོག་ཕབ་པའི་ཟུར་ཐོ་ཞིག་རེད། ནང་དོན་ནི། ད་ལྟའི་ཚེ་ཐུང་འདི་ལ་ཆོས་སྲིད་གང་དུའང་ཞལ་འདེབས་དང་། རང་གི་ཐོབ་ཐང་གོང་མའི་གདན་ས་ལ་ནུས་པ་གང་ཡང་བཏོན་མ་ཐུབ་པར། དེ་ག་ཙམ་ཞིག་ཞུས་ནས་འགྲོ་དགོས་པ་ཚེ་སྔོན་མའི་ལས་དབང་རང་ཡིན་མོད། དེ་ལྟ་ནའང་རྟིང་མ་བྱིས་༼བྱི་བའི་༽པའི་ལོ་ལ་ང་ཚོ་སླར་ཡང་མཇལ་འཛོམས་ཨེ་ཡོང་ལྟ་ཆོག དེ་དུས་ང་ཚོའི་དཀར་ནག་དབྱེ་ཞིབ་ཀྱི་རྩིས་གསལ་པོ་ཞིག་རྒྱག་ཆོག་པར་མ་ཟད། ཁྱོད་ཀྱིས་ལས་འབྲས་ཀྱི་རྣམ་སྨིན་གང་ཞིག་མྱོང་མིན་ལ་ངོས་ནས་ལྟད་མོ་ལྟ་ཆོག ཅེས་རང་ཉིད་རྟིང་མ་བྱི་བའི་༼༡༧༠༧༽ལོར་ཡང་སྲིད་འཁྲུངས་རྒྱུ་ཡིན་པ་དང། ཡང་སྲིད་དེ་ཉིད་ལ་རྒྱ་སོག་གི་རྒྱབ་སྐྱོར་གཏོས་ཆེར་འབྱོར་ནས། ལས་འབྲས་ཀྱི་རྣམ་སྨིན་ལྷ་བཟང་ལ་སྨིན་རྒྱུ་ཡིན་པའི་མ་འོངས་ལུང་བསྟན་གནང་བ་ཞིག་རེད། གལ་ཏེ་བྱི་བ་ཞེས་པ་བྱིས་བར་ལ་འགྲེལ་བའི་དབང་དུ་བཏང་ནའང་། རྟིང་མ་རང་ཉིད་ཀྱི་ཡང་སྲིད་བྱིས་པའི་སྐྱེ་བ་གཞེས་ནས་ཕེབས་རྗེས། ལས་འབྲས་ཀྱི་ལྟད་མོ་མངོན་སུམ་དུ་མཐོང་འོང་བའི་དོན་དུ་འགྲེལ་ནའང་ཤིན་ཏུ་འཚམས་པར་སྣང། མཁས་པ་ལ་ལས། བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང༌། །ཐག་རིང་རྒྱང་ལ་མི་འགྲོ། །ལི་ཐང་བསྐོར་ནས་སླེབས་ཡོང༌། །ཞེས་པ་དང་། ད་ལྟའི་ཚེ་ཐུང་འདི་ལ། །དེ་ཁ་ཙམ་ཞིག་ཞུས་ན། །རྟིང་མ་བྱི་བའི་ལོ་ལ། །མཇལ་འཛོམ་ཨེ་ཡོང་བལྟའོ། །ཞེས་པའི་ཤོ་ལོ་ཀ་གཉིས་རྒྱལ་དབང་བདུན་པའི་ལུང་སྟོན་ཡིན་པ་སྔར་ནས་རླུང་ལྟར་གྲགས་ཤིང༌། དེ་ཡང་ལྷ་བཟང་གིས་ཚངས་དབྱངས་པ་རྒྱལ་བའི་ཁྲི་ལས་ཕབ་སྟེ་རྒྱ་ནག་ཏུ་ཁྱེར་བའི་ཕྱི་ལོ་ས་བྱི(༡༧༠༦)ལ། ཡང་སྲིད་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཁམས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་ཞོལ་དུ་འཁྲུངས་པ་དེ་བསྟན་པ་རེད། དེས་ན་ཚངས་དབྱངས་པ་རྒྱ་ནག་ཏུ་བརྫངས་པའི་ལམ་ཁར་མཚོ་སྔོན་ཀུན་དགའ་ནོར་ནས་སྐུ་གཤེགས་པ་མིན་ན། དེའི་ཕྱི་ལོ་ཡང་ཡང་སྲིད་བྱོན་པ་མི་འགལ་ལམ་ཞེ་ན། འཇིག་རྟེན་ལུགས་ལ་འགལ་བ་ལྟར་སྣང་ཡང༌། ཆོས་ལུགས་ལ་མི་འགལ་ཚུལ་བདག་གིས་ཚངས་དབྱངས་པའི་སྐུ་ཚེ་སྨད་ཀྱི་མཛད་རྣམ་ཤེས་བྱེད་དུ་བཤད་ཟིན་གསུངས།[6]

འགའ་ཞིག གསུང་མགུར་འདི་ལྷ་བཟང་གིས་སྡེ་སྲིད་ངག་དབང་རིན་འབྱུང་འཛིན་བཟུང་བྱས་ཚུལ་གོ་བ་དང། གནས་ཚུལ་ཐབས་སྐྱོ་བོ་དེ་མི་རིང་བར་ཚངས་དབྱངས་རྒྱ་མཚོ་རང་གི་མགོ་ཐོག་ཏུ་ལྷུང་རྒྱུ་ཡིན་པ་ཚོད་དཔག་གིས། དངངས་སྐྲག་ཆེན་པོའི་སྒོ་ནས་ཤོར་བའི་གསུང་མགུར་རེད། འདིས་ལས་དབང་མཐུན་པའི་མི་གཉིས་ཀྱི་ཆེས་ཉམས་ཉེས་པའི་བསམ་ཚུལ་དེ་ཉིད་མཚོན་པ་རེད་ཟེར།[7] 

རེ་གསུམ་པ། བྱ་དེ་སྨྲ་མཁས་ནེ་ཙོ། །ཁ་ཁར་བཞུགས་རོགས་མཛོད་དང་། །ལྕང་གླིང་ཨ་ལྕེ་འཇོལ་མོ། །གསུངས་སྙན་འབྱིན་དགོས་བྱུང་སོང་། །
བྱ་དེ་སྨྲ་མཁས་ནེ་ཙོ་ནི། དེ་སྔོན་སྡེ་སྲིད་ཀྱི་ཕྱོགས་གཏོགས་ཡིན་པ་ཁག་གཅིག་ལྷ་བཟང་གིས་འཛིན་བཟུང་ཚ་འདྲི་བྱེད་སྐབས། བདེན་རྫུན་འདྲེས་མའི་སྐད་ཆ་འདྲ་མིན་ཁ་ནས་ཤོར་མཁན་ཚོ་དང་། ཡང་ན་ལྷ་བཟང་ལ་སྤྲེལ་ལད་འཁྲབ་ནས་སྡེ་སྲིད་དང་ཚངས་དབྱངས་རྒྱ་མཚོའི་ཕྱོགས་ལ་ངན་སྨྲས་དང་། དབྱེན་སྦྱོར་གྱི་དྭོགས་སློང་འདྲ་མིན་བྱེད་མཁན་ནང་རུལ་མགོ་གཉིས་མ་དེ་གྲས་ཡིན་ལ། དེ་དག་ལ་ཁ་ཁར་བཞུགས་རོགས་མཛོད་ཅེས་གཏིང་སྐུལ་གནང་བ་ཞིག་རེད། དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི། ལྕང་གླིང་གྲུ་བཞི་ནང་གི་བྱེའུ་འཇོལ་མོ་དང་འདྲ་བའི་ཚངས་དབྱངས་རྒྱ་མཚོ་བདག་གིས། ནེ་ཙོ་མགོ་གཉིས་མ་དེ་ཚོ་དབྱེར་སྦྱོར་དཀྲུགས་ཤིང་ལ་བརྟེན་ནས། ལྷ་བཟང་ཕྱོགས་ཁག་གིས་ཕྱོགས་གཅིག་ནས་དྭོགས་གཞི་འདྲ་མིན་དང་། ཕྱོགས་གཞན་ཞིག་ནས་གཞི་རྩ་མེད་པའི་གོ་སྐབས་གསར་པ་རེ་བཟུང་ནས། གནོན་བཙིར་ཅི་རིགས་ཀྱིས། གསུང་སྙན་འབྱིན་པ་སྟེ་ལྷ་བཟང་ཕྱོགས་གཏོགས་ལ་ངོ་དགའ་སྤྲེལ་ལད་ཀྱི་གཏམ་དང་། གཞི་རྩ་མེད་པའི་གནད་དོན་མང་པོ་ཞིག་ཁས་ལེན་བྱེད་དགོས་ཐུག་པའི་གནས་ལུགས་དེ། ནགས་ཀླུང་གསེབ་ཀྱི་བྱ་བྱེའུ་ལ་དཔེར་བྱས་ནས་ཛ་དྲག་གི་གནས་སྟངས་ཡ་ང་བའི་ནང་དུ། འགྱེལ་བའི་སྒང་ལ་རྡོག་རྫིས་གཏོང་མཁན་ཚོར་གནས་ལུགས་བགྲངས་ནས། ར་སྤྲོད་ནན་པོ་ཞིག་ཀྱང་གཏོང་ཐབས་དེ་མཚོན་ཡོད་པ་རེད།

འགའ་ཞིག གསུང་མགུར་འདི་ལྷ་བཟང་ཕྱོགས་གཏོགས་ཀྱིས་སྡེ་སྲིད་ངག་དབང་རིན་འབྱུང་འཛིན་བཟུང་བྱས་རྗེས། འཁོར་གཡོག་ཚོར་དྲག་ཤུགས་ཀྱིས་གནོན་བཙིར་བྱས་པའི་ཁ་ནས་གང་བྱུང་ཐོན་པའི་ཉེན་ཁ་ལས། ཚངས་དབྱངས་རྒྱ་མཚོ་རང་ཉིད་ཀྱང་བཞུགས་བཟོད་མི་བདེ་བའི་ཉེན་ཁ་ཡོད་པ་དེ་བསྟན་པ་རེད་ཟེར།[8]

རེ་བཞི་པ། རྒྱབ་ཀྱི་ཀླུ་བདུད་བཙན་པོ། །འཇིགས་དང་མི་འཇིགས་མི་འདུག །མདུན་གྱི་ཀ་ར་ཀུ་ཤུ། །འཐོག་ཏུ་དགོས་པ་བྱས་སོང། །
རྒྱབ་ཀྱི་ཀླུ་བདུད་བཙན་པོ་དང་འདྲ་བའི་ལྷ་བཟང་དཔུང་ཁག་གིས་སྡེ་སྲིད་བཀྲོངས་པ་དང་། ངག་དབང་རིན་ཆེན་བཟུང་བ་སོགས། མི་བསད་ཁྲག་སྦྱོར་དང་བཙོན་འཇུག་རྡུང་བརྡེགས་བྱེད་དགོས་ཚད་བྱས་ཚར་བས། ད་ནི་སྐྲག་སྐྲག་འཇིགས་འཇིགས་ཇི་ཙམ་བྱེད་ནའང་ཕན་ཐོགས་གང་ཡང་མི་འདུག དེ་བས་མདུན་གྱི་ཀ་ར་ཀུ་ཤུ་འཐོག་ཏུ་ཡོད་ཅེས། ཧ་ཅང་ཛ་དྲག་འ་འུར་གྱི་གནས་སྟངས་ཐབས་སྐྱོ་བའི་སྐབས་དེར་རང་ཉིད་ལྷ་བཟང་ཕྱོགས་གཏོགས་ལ་འཐབ་པའི་ནུས་པ་དང་བྲལ་བས་རེ་བ་གང་ཡང་མེད་སྟབས། ད་ནི་མ་བྱུང་བའི་ཞོར་ལ་འགྱོད་པ་གང་ཡང་མེད་ཅེས། ཞོལ་ཆང་ཁང་ནང་དུ་སྐུ་རག་སྦིར་བའི་ངང་ཞབས་ཏག་རྒྱག་གིན་གསུང་པའི་མགུར་ཚིག་དུམ་བུ་ཞིག་ཡིན། རྒྱབ་ཀྱི་ཀླུ་བདུད་ནི་ལྷ་བཟང་གི་དཔུང་དམག་དང་། མདུན་གྱི་ཀ་ར་ཀུ་ཤུ་ནི་ཆང་ཁང་ནང་གི་ཆང་མ་ཚོ་ལ་གསུངས་པ་ཡིན། སྐབས་འདིར་རང་ཉིད་བག་མེད་རྒྱས་སྤྲོས་ཀྱི་རྩེད་འཇོར་རོལ་བའི་ལུས་སེམས་ཀྱི་ཚོར་སྣང་གཉིས་ཀ །ལ་ཁའི་ན་བུན་དང་ལུང་ཁུག་སྨུག་པ་བཞིན་ཡོངས་སུ་ཡལ་ཚར་ན་ཡང། དཀའ་རྙོག་དེ་དག་ལ་ཁ་གཏད་ཆོག་པའི་ནུས་པ་མེད་པར་རང་གིས་རང་ཉིད་ལ་སེམས་གསོ་གཏོང་བ་ཙམ་ཡིན།

འགའ་ཞིག གསུང་མགུར་འདིའི་ནང་གི་ཀླུ་བདུད་ནི་ལྷ་བཟང་ཧན་དང་། ཀུ་ཤུ་གི་ཆོས་སྲིད་གཉིས་ལྡན་གྱི་གཞུང་དགའ་ལྡན་ཕོ་བྲང་ལ་གོ་དགོས། ལྷ་བཟང་གིས་ཇི་ཙམ་འདོད་རྔམས་དང་འཇིགས་བསྐུལ་བྱེད་ནའང་མིག་མདུན་དུ་ཡོད་པའི་གཞུང་དགའ་ལྡན་ཕོ་བྲང་འདི་ཉིད། རང་ཉིད་ཁོ་ནའི་ཡིན་པ་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་པས། སུ་ལའང་ཞེད་སྣང་དང་སྐྲག་སྣང་དགོས་དོན་མེད་པ་དེ་འཁོན་འཛིན་དྲག་པོའི་ཚོར་སྣང་དང་འབྲེལ་ནས་བསྟན་པ་རེད་ཟེར།[9]

རེ་ལྔ་པ། དང་པོ་མ་མཐོང་ཆོག་པ། །སེམས་པ་འཆོར་དོན་མི་འདུག །གཉིས་པ་མ་འདྲིས་ཆོག་པ། །སེམས་གཅོང་ཡོང་དོན་མི་འདུག །
གསུང་མགུར་འདིའི་ཚིག་གི་ངོ་གདོང་ནས་བལྟས་ན། ཚངས་དབྱངས་རྒྱ་མཚོ་རང་ཉིད་ཀྱི་སེམས་སོང་བུ་མོ་དེ་ཉིད་དང་པོ་ཁོ་རང་ནས་མ་མཐོང་ན་ཆོག་སྟེ། དང་པོ་ནས་སེམས་པ་འཆོར་དོན་མི་འདུག་པས་སོ། གལ་ཏེ་དང་པོར་མཐོང་བར་ཆ་བཞག་ནའང་གཉིས་པ་མ་འདྲེས་ན་ཆོག་སྟེ། ཐ་མར་བརྩེ་དུང་ལ་ཕམ་ཉེས་ཤོར་བའི་སེམས་གཅོང་གི་ནད་གཞི་ཡོང་དོན་མི་འདུག ཅེས་སེམས་སོང་བུ་མོ་ཞིག་མཐོང་ཞིང་འདྲིས་པའི་རྒྱུད་རིམ་ལས། བརྩེ་དུང་གི་གཡུལ་ས་ནས་སེམས་ཁམས་རྨས་སྐྱོན་ཕོག་པའི་ཕམ་ཉེས་ཀྱི་བྱུང་རིམ་གླེང་བ་ལྟ་བུའི་རྣམ་པར་གོ་ཡང། དོན་དངོས་ཐོག ཚངས་དབྱངས་རྒྱ་མཚོ་རང་ཉིད་དང་པོ་ནས་སྡེ་སྲིད་ཀྱིས་བཀོད་སྒྲིག་ལྟར་པོ་ཏཱ་ལའི་གསེར་ཁྲིར་མ་བཞུགས་ན་འགྲིགས་ཏེེ། གཞུང་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ཀྱི་ཕྱག་མཚན་ལ་ཐུགས་འགན་བཞེས་རྒྱུ་ཁུར་དང་འགན་གང་ཡང་ཡོང་དོན་མེད་པས་སོ། །གལ་ཏེ་གོང་མའི་ཁྲི་ལ་བཞུགས་དབང་དུ་བཏང་ནའང་། དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ལ་བདག་དབང་རྩོད་པའི་ལས་འགུལ་མ་སྤེལ་ན་ཆོག་སྟེ། ད་ཆར་ཕམ་ཉེས་ཀྱི་གཡང་གཟར་འདི་འདྲར་ལྷུང་དོན་མེད་པས་སོ། །ཞེས་པའི་རང་གིས་རང་ཉིད་ལ་འཁང་ར་བྱས་པའི་སྐྱུར་འགོང་གི་གསུང་མགུར་དུམ་བུ་ཞིག་རེད། 

འགའ་ཞིག གསུང་མགུར་འདི་སྤྱི་ལོ་༡༧༠༥ལོ་སྨད་ཙམ་ལ་མཛད་ཅིང་ནང་དོན་ནི། རང་ཉིད་དང་པོ་སྡེ་སྲིད་ཀྱི་གསང་བའི་སྒོ་ནས་གོང་མའི་ཡང་སྲིད་ངོས་འཛིན་བྱས་མེད་ན། རྙོག་འཛིང་གི་གཞི་རྩ་གང་ཡང་ཚུགས་མེད་ལ། ངོས་འཛིན་བྱས་རྗེས་སུའང་སྡེ་སྲིད་དང་འབྲེལ་འདྲིས་ཆེན་པོ་རང་མེད་ན། ལྷ་བཟང་གིས་གསེར་ཁྲི་ལས་ཕབ་པ་དང་རྒྱངས་འབུད་གཏོང་རྒྱུའི་ཉེན་ཁ་འདི་འདྲ་ཡོང་དོན་མེད་པས། འགྱོད་གདུང་དང་འཁང་རའི་ཡིད་སྐྱོ་བའི་གདུང་དབྱངས་གསུང་མགུར་དུ་ཐོན་པ་རེད་ཟེར།[10] ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཤིན་ཏུ་འཚམ་པར་སྣང།

རེ་དྲུག་པ། ཚིག་གསུམ་སྙིང་གཏམ་བཤད་པ། །ནེའུ་གསིང་ལྕང་རའི་ཁོག་ཀྱོག །བྱེའུ་འཇོལ་མོ་མ་གཏོགས། །སུ་དང་གང་གིས་མི་ཤེས། །
ཚིག་གི་ངོ་གདོང་ལྟར་བྱས་ན། ཁོང་དང་བྱམས་པའི་བར་གྱི་གསང་བའི་སྙིང་གཏམ་དེ། མི་ཚོགས་གསེབ་ཏུ་རྒྱ་གྲགས་བོད་གྲགས་བྱས་ནས་བཤད་པ་ཞིག་མིན་པར། ནེའུ་གསིང་ལྕང་གླིང་གི་ཁོག་ཀྱོག་ཏུ་ལྐོག་ལྐོག་སུབ་སུབ་བྱས་ནས་བཤད་ཅིང་ཁོར་ཡུག་དེར་བྱེའུ་འཇོལ་མོ་མ་གཏོགས། འཇིག་རྟེན་མགོ་ནག་སྐྱེས་བུ་གསུམ་པ་སུ་དང་གང་གིས་ཀྱང་གོ་ཐབས་མེད་པའི་གསང་བ་བྱས་པའི་རྣམ་པ་ཐོན་ཅིང་། དོན་དངོས་ནི། ལྷ་བཟང་ཕྱོགས་གཏོགས་ཀྱིས་གྲིབ་ནས་འདྲེ་མཐོང་གིས་ཚོད་དཔག་བྱས་ནས་རང་ཉིད་ལ་ཚ་འཇམ་གྱི་བཅར་འདྲི་ཇི་ཙམ་བྱེད་ནའང། གལ་ཆེ་གསང་བའི་དོན་གནད་སྣ་གཅིག་ཀྱང་ཁོ་བོའི་ས་ནས་རྙེད་ཐབས་མེད་དེ། དེ་སྔོན་ཁོ་བོ་དང་སྡེ་སྲིད་བར་གྱི་ཆེས་གསང་བའི་དོན་གནད་གང་ཞིག་ཡོད་པ་དེ་དག་ད་ཆར་སྡེ་སྲིད་བཀྲོངས་ཟིན་པས་འདྲི་ཡུལ་མེད་ལ། སྐྱེ་བོ་གཞན་སུ་ཞིག་གིས་ཀྱང་དེ་དོན་ཤེས་རྟོགས་མེད་པས། ཁོང་ཚོ་ཁོ་བོ་ལ་དྭོགས་འདྲི་བྱེད་པ་དེ་རིགས་ནི། ཚོད་དཔག་རང་ཡིན་པ་དེ་གསལ་བཤད་ཚོན་ཐབས་བྱས་ཡོད་པ་རེད། རྒྱའི་དཔྱད་བརྗོད་པ་ཤའོ་ཏིན་ཡོན་གྱིས་ཀྱང་འགྲེལ་བརྗོད་དེ་ག་རང་གནང་འདུག ད་དུང་དཔྱོད་བརྗོད་དེར། ལྷ་བཟང་ཕྱོགས་ཁག་གིས་སྡེ་སྲིད་ངོ་ལོག་གི་ངན་ཇུས་འདོན་མཁན་ལ་བརྩིས་ནས་སྐུ་བཀྲོངས་པ་དང། རང་ཉིད་ཏཱ་ལའི་བླ་མའི་ཡང་སྲིད་རྫུན་མར་བརྩིས་ནས་ཁྲི་ལས་ཕབ་ནའང། དཔང་རྟགས་དང་ར་འཕྲོད་ལྡན་པའི་ནག་ཉེས་གང་ཡང་མེད་པ་དེ་གསལ་བཤད་བྱས་པ་རེད། ཅེས་འགྲེལ་འདུག[11]

རེ་བདུན། མེ་ཏོག་བཞད་ནས་ཡལ་སོང། །བྱམས་པ་འགྲོགས་ནས་རྒས་སོང། །ང་དང་སེར་ཆུང་བུང་བ། །བློ་ཐག་དེ་གས་ཆོད་སོང། །
གསུང་མགུར་འདིའི་ཚིག་གི་ངོ་རིས་ཙམ་ལ་བལྟས་ན། མེ་ཏོག་བཞད་པའི་དབྱར་དུས་ནི་ཡལ་ཚར་སོང་། རི་ཀླུང་ནགས་ཚལ་དང་སྤང་གཤོངས་མེ་ཏོག་ཁྲོད་དུ་ཕན་ཚུན་འདོད་བརྩེ་ལ་རོལ་བའི་བྱམས་པ་ཡང་མཉམ་དུ་འགྲོགས་ཀྱིན་རྒས་ཚར་སོང་། སྟོན་མཇུག་གི་དུས་ཚིག་འདིར་ད་ནི་ཚངས་དབྱངས་རྒྱ་མཚོ་རང་ཉིད་དང་སེར་ཆུང་བུང་བ་གཉིས་བློ་ཐག་དེ་གས་ཆོད་སོང་བ་དེ་ཡིན་ལ། དོན་དངོས་ཀྱི་མེ་ཏོག་ནི། སྐུ་གོང་མས་གསར་འཛུགས་གནང་བའི་དགའ་ལྡན་ཕོ་བྲང་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཡང་དག་པ་དེ་ཉིད་ཡིན། བྱམས་པ་ནི་རང་ཉིད་གཞུང་དེ་ཉིད་ལ་ཡིད་ཆེས་དང་མ་འོངས་གཞུང་འཛིན་གྱི་རེ་བའི་ཚོར་ཤུགས་ཆེན་པོ་དེ་ཡིན། སེར་ཆུང་བུང་བ་ནི་གཞུང་དགའ་ཕོ་བྲང་དང་རང་ཉིད་ལ་ལྷད་མེད་དད་པ་དང་ཡིད་ཆེས་བློ་འགེལ་གནང་མཁན་སེར་སྐྱའི་དཔོན་རིགས་དྲུང་འཁོར་དང་གདན་སའི་མཁན་བླ་རྒྱ་ཆེའི་མི་དམངས་བཅས་ཡིན། བློ་ཐག་ཆོད་པ་ནི་རེ་བ་ཡོངས་སུ་ཟད་སོང་བའི་དོན་ཡིན། འདི་ནི་རང་ཉིད་གོང་མའི་གསེར་ཁྲིར་མངའ་གསོལ་བྱས་པ་ནས་སྤྱི་ལོ་༡༧༠༥བར། སྲིད་འགྱུར་གྱི་ཡོ་ལངས་ཆེན་པོ་དེ་མ་བྱུང་གི་བར་གྱི། སྡེ་སྲིད་དང་ལྷ་བཟང་རྗེས་འབྲངས་དང་བཅས་པའི་སྐྱུགས་བྲོ་བའི་བྱེད་བབ་རེ་རེ་བཞིན། ཆུ་བོའི་རླབས་རིས་ལྟར་མིག་སྔར་འཕྱུར་འོངས་ཤིང་། སྔར་རང་ཉིད་ཁྲི་འདོན་སྐབས་ནས་བཞག་པའི་དམ་བཅའ་དང་རེ་འཆར་ཡོངས་རྫོགས་སྨུག་སྤྲིན་དང་འཇའ་ཚོན་བཞིན་ཡལ་ནས། ཡིད་ཐང་གཏིང་ནས་ཆོད་པའི་སྐྱོ་ཉམས་ཀྱི་སྡོམ་ཚིག་ཆེན་པོ་ཞིག་བརྒྱབ་པ་དེ་ཡིན།

ཚངས་དབྱངས་རྒྱ་མཚོ་རང་ཉིད་མོན་ལ་འོག་ཡུལ་གསུམ་ནས་དབུས་ཉི་མ་ལྷ་སར་སླེབས་པ་ནས། ལྷ་བཟང་ཁང་གྱིས་གོང་མའི་གསེར་ཁྲི་ནས་ཕབ་པའི་བར་གྱི་རང་ཉིད་ཀྱི་རེ་འཆར་དང། དགའ་ལྡན་ཕོ་བྲང་པའི་འགྱུར་འགྲོས། གཞུང་འཛིན་མི་སྣ་ཚོའི་བྱེད་བབ། རང་ཉིད་ཀྱི་ལས་དབང་བཅས་པ་ཚིགས་བཅད་གཅིག་གི་ནང་དུ་བསྡུས་པའི་གསུང་མགུར་གྱི་སྙིང་དོན་དེ་ཡིན་ལ། མི་ལོ་ཧྲིལ་པོ་བཅུ་གསུམ་(༡༦༩༨-༡༧༠༦)བར་གྱི་རང་ཉིད་ཀྱི་སྐྱོ་གར་དང་། དགའ་ལྡན་ཕོ་བྲང་པའི་སྲིད་འགྱུར། བོད་རིགས་རྒྱ་ཆེའི་་མང་ཚོགས་ཀྱི་ལས་དབང་བཅས་ལ། སྡེ་སྲིད་དང་ལྷ་བཟང་གཉིས་ཀྱིས་རྩེད་མོ་རྩེད་སྤྱད་ཇི་ལྟར་བྱས་པའི་ལོ་རྒྱུས་ཀྱི་སྤྱི་བསྡོམས་ཤིག་ཀྱང་ཡིན། སྡོམ་ཚིག་འདི་ནི་ཕལ་ཆེར་སྤྱི་ལོ་༼༡༧༠༦༽ལོར་རང་ཉིད་༸གོང་མའི་ཁྲི་ལས་ཕབ་ནས་༸གོང་མའི་ཡང་སྲིད་རྫུན་མ་ཡིན་ཚུལ་བོད་སོག་རྒྱ་ཆེ་མང་ཚོགས་ལ་ཁྱབ་བསྒྲགས་ཤུགས་ཆེན་བྱས་དང་བྱེད་བཞིན་པར་མ་ཟད། ད་དུང་དབུས་ཉི་མ་ལྷ་སར་བསྡད་མི་ཆོག་པར། ཤར་ཕྱོགས་གོང་མའི་མདུན་སར་དཀར་ནག་དབྱེ་འབྱེད་བྱེད་པར་འགྲོ་དགོས་པའི་ཉེན་བརྡ་འབྱོར་རྗེས་སུ་བྲིས་པ་ཞིག་ཡིན་ལ། ཁོང་གིས་ཤོག་ཐོག་ཏུ་ཕབ་པའི་གསུང་མགུར་གྱི་མཐའ་མཇུག་ཀྱང་འདི་ཉིད་ཡིན་སྲིད་སྙམ། དེར་བརྟེན་ལྷ་སའི་ཤིང་པར་རྙིང་པའི་ནང་དུ་ཚིགས་བཅད་ང་བདུན་བྱུང་བ་ནི་ཚིག་དོན་གོང་འོག་འབྲེལ་ཆགས་ལྡན་པའི་མཛའ་གཞས་རྣམས། སྐབས་དེར་ལས་སླ་པོའི་ངང་ནས་བསྡུ་འཇུག་ཐུབ་པ་བྱུང་བས། ཁ་ཐུག་པར་ཤིང་བརྐོས་པ་ཡིན་ལ། དེ་རྗེས་ཆབ་སྲིད་དང་འབྲེལ་བའི་སྐབས་དེའི་གཞུང་གི་གནས་བབ་དང། གཞུང་འཛིན་མི་སྣའི་བྱ་སྤྱོད། རང་ཉིད་ཀྱི་སྐྱོ་གར། བོད་སོག་རྒྱ་ཆེ་མང་ཚོགས་ཀྱི་ལས་དབང་བཅས། ཤིན་ཏུ་ཉམས་ཉེས་པའི་གནས་སྐབས་ཐབས་སྐྱོ་པོ་དེ་རིགས་མིག་ལམ་དུ་འཆར་ཞིང་། སྙན་ལམ་དུ་ཐོས་པར་མི་འདོད་པའི་སྐྱོ་གདུང་དང་ཐུགས་འགྱོད། སྐབས་འགར་ཐུགས་ཚིག་ཤུགས་ཆེར་ཟ་བའི་ཚོར་ཤུགས་ཁོག་པའི་ནང་དུ་སྲན་པ་མ་ནུས་པར་ཐོལ་བྱུང་དུ་བྲིས་ཐལ་བའི་ཟུར་ཟ་དང་སྐྱོན་འཛུགས། ཐེར་འདོན་དང་གནས་ལུགས་བརྗོད་པའི་གསུང་མགུར་ཐར་ཐོར་འགའ་ཞིག་ཀྱང་། ཞོལ་ཆང་ཁང་སོགས་རང་ཉིད་ལྷ་སར་བཞུགས་རིང་རྒྱུན་ལྡན་ཕེབས་བཞུད་གནང་སའི་འབྲེལ་ཡོད་མི་སྣ་འགའ་རེའི་ལག་ནས་ཐོན་པ་རྣམས། བསྡུ་རུབ་ཀྱིས་ལྷ་སའི་ཤིང་པར་པར་ཐེངས་གཉིས་པ་དེ་བརྐོ་དུས། ཁ་བསྣན་བྱས་པ་ཞིག་རེད་ཅེས་བཤད་ན། གནས་ལུགས་དང་འཚམས་པར་སྣང། ད་དུང་ཐོལ་རྩོམ་ཕྱི་མ་འདི་རིགས་ལས་འགའ་ཞིག་ནི་པར་ཤིང་དང་པོ་སྒྲིག་པའི་སྐབས་ནས་རྙེད་སོན་བྱུང་ཡོད་སྲིད་ཀྱང་། སྐབས་དེར་ལྷ་བཟང་སྲིད་གཞུང་འོག གནས་ལུགས་ཐེར་འདོན་གྱི་གསུང་མགུར་དེ་རིགས་འགྲོ་ས་མེད་པས། པར་ཤིང་ཐོག་འཁོད་མ་ཕོད་པ་རེད་ཀྱང་སྙམ། དེས་ན་དགའ་ལྡན་ཕོ་བྲང་པའི་སྲིད་འགྱུར་ཆེན་པོ་དེ་བྱུང་རྗེས་དང་། ཚངས་དབྱངས་རྒྱ་མཚོ་རྒྱང་འབུད་བཏང་རྗེས། རྒྱ་ཆེའི་མང་ཚོགས་ཀྱིས་ཚངས་དབྱངས་རྒྱ་མཚོའི་རྗེས་དྲན་གྱི་ཚབ་ཏུ། ཁོང་གི་གསུང་མགུར་དེ་རིགས་ལས། ལྷ་བཟང་ལ་ཕོག་ཐུག་མི་འགྲོ་བའི་རིགས་རྣམས་པར་དུ་བཀོད། ལྷ་བཟང་ཤི་ལམ་དུ་(1718) སོང་རྗེས་གཞི་ནས་ཆབ་སྲིད་དང་འབྲེལ་བའི་ཐོལ་རྩོམ་དེ་རིགས་ཀྱང་ཁ་བསྣན་བྱས་ནས་པར་ཤིང་བརྐོས་པས། པར་ཤིང་གསར་རྙིང་བར་གྱི་ཚིགས་བཅད་མང་ཉུང་ཤོར་བའི་རྒྱུ་མཚན་ཡང་དེ་རང་རེད་སྙམ། དེ་རྗེས་གསུང་མགུར་དེ་དག་སྙན་ཆ་ལྡན་ལ་ཚིག་རིས་གོ་སླ་བའི་ཁྱད་ཆོས་འབུར་དུ་ཐོན་སྐབས། མཁས་པའི་གྲལ་གསེབ་ཙམ་མ་ཡིན་པར། རྒྱ་ཆེའི་མང་ཚོགས་ཀྱི་ཁྲོམ་གཞུང་དུའང་རྩོམ་སྲོལ་འདི་ཉིད་རྒྱ་ཁྱབ་ཏུ་ཕྱིན་ཏེ། སྤང་གཞུང་གི་ཤ་མོ་བཞིན་གློ་བུར་དུ་མང་ཚོགས་ཁྲོད་འཕེལ་ཤུགས་ཆེས་ཆེར་བྱུང་བ་མ་ཟད། སྙན་འཇེབས་ལྡན་ལ་དོན་སྙིང་ཟབ་པའི་མགུར་གཞས་ཀྱང་ཤིན་ཏུ་མང་པོ་འཕེལ་བ། དེ་རིགས་ལ་རྩོམ་སྲོལ་ཐོག་མ་གང་ལས་བྱུང་བའི་མིང་དེ་མགུར་གཞས་ཡོངས་ཀྱི་སྤྱི་མིང་དུ་ཆགས་ཏེ། དཔེར་ན་ལྷ་ས་བ་ཚོས་རྒྱ་ནག་གི་དྲག་རྩལ་གློག་བརྙན་ཡོངས་རྫོགས་ལ་ཝང་སུང་གི་གློག་བརྙན་ཞེས་འདོགས་པ་ལྟར་ཆགས་ཏེ། རིན་ཐང་ལྡན་པའི་མགུར་གཞས་དེ་རིགས་ཕྱོགས་བསྡོམས་བྱས་པའི་མགོར་ཚངས་མགུར་ཞེས་བཀོད། དེ་ནས་མུ་འབྲེལ་གྱིས་ཚོར་བའི་སྙིང་དོན་ཟབ་པའི་མགུར་རྩོམ་གང་རྙེད་འཇུག་འགོད་བྱས་པའི་ཁ་བྱང་ལ། ཚངས་མགུར་བཀོད་ནས་བཏོན་པའི་རྐྱེན་གྱིས་ཕྱིས་སུ་རྒྱ་ཆེའི་མང་ཚོགས་ལྟ་བཞག བོད་རྒྱའི་དཔྱད་ཞིབ་པའི་མཁས་པ་མི་ཉུང་བ་ཞིག་ཀྱང་གནས་ལུགས་དེ་མ་མཁྱེན་པར་མགོ་རྨོངས་ནས། ཚངས་མགུར་གྱི་ཚིག་བརྗོད་གྲངས་འབོར་མི་འདྲ་བ་དུ་མ་ཡོད་པ་རྒྱུ་མཚན་དུ་བྱས་ནས། ཚངས་མགུར་མཛད་པ་པོ་ཚངས་དབྱངས་རྒྱ་མཚོ་ཡིན་མིན་ལ་དྭོགས་པའི་དཔྱད་པ་དང། ཐ་ན་ཚངས་མགུར་འདི་ཁུངས་ལུང་ཡོད་མེད་ཀྱི་དཔྱད་གཏམ་སྤེལ་མཁན་ཡང་བྱུང་སྣང་ངོ་། །

མཆན་བུ།
__________________________________________________________________________________________________
[1] བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཚངས་དབྱངས་རྒྱ་མཚོ། རབ་བྱུང་བཅུ་གཅིག་པའི་ཆུ་ཕག ༡༦༨༣ ལོར་མོན་ཡུལ་ལ་འཁྲུངས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་འདི་རབ་བྱུང་བཅུ་གཉིས་པའི་མེ་གླང་ ༡༦༩༧ ལོར་གསེར་ཁྲིར་བཀོད་ཅིང༌། མེ་ཁྱི་ ༡༧༠༦ ལོར་པེ་ཅིན་དུ་བཅར་དགོས་བྱུང་བས་མཚོ་སྔོན་པོའི་རྒྱུད་ལ་འབྱོར་མཚམས་གློ་བུར་དུ་འདས་སོང་སྐད། ཁོང་གིས་བརྩམས་པའི་སྙན་ངག་ཤོ་ལོ་ཀ་དྲུག་ཅུ་རེ་གཉིས་ཅན་ཞིག་ཡོད། ཅེས་བྲིས་འདུག P.2255
[2] 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གསར་འགྲེལ》 ཤའོ་ཏིན་ཡན་གྱིས་བརྩམས། ཚེ་རྡོར་གྱིས་བསྒྱུར། (སྦྲང་ཆར ༡༩༨༧༨ ལོའི་འདོན་ཐེངས་བཞི་པ) P.51
[3] 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གསར་འགྲེལ》ཤའོ་ཏིན་ཡན་གྱིས་བརྩམས། ཚེ་རྡོར་གྱིས་བསྒྱུར། (སྦྲང་ཆར ༡༩༨༧༨ ལོའི་འདོན་ཐེངས་བཞི་པ) P.51
[4] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་སྒྲིག་ལས། 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་འབྲེལ་བའི་ལོ་རྒྱུས་ཀྱི་དོན་དངོས་འགའ། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་གིས་དཔེ་བསྐྲུན་བྱས་པ། p.679
[5] 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གསར་འགྲེལ》ཤའོ་ཏིན་ཡན་གྱིས་བརྩམས།་ཚེ་རྡོར་གྱིས་བསྒྱུར། (སྦྲང་ཆར ༡༩༨༧༨ ལོའི་འདོན་ཐེངས་བཞི་པ) P.52
[6] 《དཔྱད་རྩོམ་མུན་འཇོམས་ནོར་བུའི་ཕྲེང་བ》ལས་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ངེས་དོན་དུ་བཀྲལ་བ་ཟབ་དོན་འབྱེད་པའི་ལྡེ་མིག དོལ་ཞི་གདོང་དྲུག་སྙེམས་བློས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། 2004 P.52 ལས། 
[7] 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གསར་འགྲེལ》ཤའོ་ཏིན་ཡན་གྱིས་བརྩམས། ཚེ་རྡོར་གྱིས་བསྒྱུར། (སྦྲང་ཆར ༡༩༨༧༨ ལོའི་འདོན་ཐེངས་བཞི་པ) P.52
[8] 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གསར་འགྲེལ》ཤའོ་ཏིན་ཡན་གྱིས་བརྩམས།་ཚེ་རྡོར་གྱིས་བསྒྱུར། (སྦྲང་ཆར ༡༩༨༧༨ ལོའི་འདོན་ཐེངས་བཞི་པ) P.52
[9] 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གསར་འགྲེལ》ཤའོ་ཏིན་ཡན་གྱིས་བརྩམས། ཚེ་རྡོར་གྱིས་བསྒྱུར། (སྦྲང་ཆར ༡༩༨༧༨ ལོའི་འདོན་ཐེངས་བཞི་པ) P.52
[10] 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གསར་འགྲེལ》 ཤའོ་ཏིན་ཡན་གྱིས་བརྩམས། ཚེ་རྡོར་གྱིས་བསྒྱུར།(སྦྲང་ཆར ༡༩༨༧༨ ལོའི་འདོན་ཐེངས་བཞི་པ) P.53
[11] 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གསར་འགྲེལ》ཤའོ་ཏིན་ཡན་གྱིས་བརྩམས།་ཚེ་རྡོར་གྱིས་བསྒྱུར། (སྦྲང་ཆར ༡༩༨༧༨ ལོའི་འདོན་ཐེངས་བཞི་པ) P.53

ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཐོར་བུ་འགའ་ཞིག་ལ་དཔྱད་པའི་འཕྲོས་གླེང་ཙམ། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཐོར་བུ་འགའ་ཞིག་ལ་དཔྱད་པའི་འཕྲོས་གླེང་ཙམ། Reviewed by ཆོས་དུང་ དཀར་པོ། on 8:12 PM Rating: 5

No comments: