༸གོང་ས་མཆོག་གི་ "ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་"དང་། དེས་དྲངས་པའི་སྤྱི་ཚོགས་ཀྱི་ལམ་བུ།


  རྩོམ་པ་པོ། དུར་བྱང་། {རྡ་ས}

ཐོག་མའི་མཆིད།

སྔ་ཆད་ཅིག་ལ། ཁོ་བོས་<<ནང་བསྟན་ཀུན་སྤྱོད་རིག་པ>>ཞེས་པའི་རྩོམ་ཐུང་ཞིག་བྲིས་པ་ཡིན། འོ་ཅག་གི་སྐད་ལ་གོམས་བྱང་དུ་སོང་ལ་མ་སོང་བའི་གནད་དོན་བག་རེ་བ་ཞིག་ལས། ཡ་རབས་སྤྱོད་བཟང་ཟེར་ཡག་ནི་མ་གཞི་ནས་ཆོས་ལུགས་ཀྱི་རྨང་དང་རྩ་བ་ལས་འདའ་འགོངས་བྱས་མེད་ཅེས་ལྟེ་བར་བཟུང་ནས་བྲིས་པ་ཡིན། ཐོར་རྩོམ་དེ་གྲུབ་པའི་རྗེས་སུ། རང་སྐད་དུ་ཚུར་ལེན་བྱས་པའི་གནའ་བོའི་མཁས་ཆེན་ཞིག་གིས། “རིག་གནས་ཀྱི་རྨང་གཞི་ནི་ཆོས་ལུགས་ཀྱི་སྟེང་དུ་བསྐྲུན་ཡོད། ཆོས་ལུགས་ལ་རྒྱུས་ལོན་བྱུང་ན། ད་གཟོད་རིག་གནས་ལ་རྒྱུས་ལོན་འབྱུང་ཐུབ”ཅེས་པའི་གསུང་དུམ་དེ་མཇལ་རྒྱུ་བྱུང་། སྐབས་དེར་ཁོ་བོའི་བསམ་པར། རང་ཚོད་ཀྱིས་དཔྱད་པ་དང་བརྟག་པ་ཡིན་ཁུལ་གྱིས་གྲུབ་པའི་བྲིས་རྩོམ་ག་གེ་མོ་དེ། ཁོ་བོའི་བསམ་བློའི་ཞུན་བརྡར་ལས་ཐོན་པའི་མར་ལོ་ཡིན། འོ་སྤྲིས་ཡིན་ཞེས་འུར་ཆེན་བསྒྲགས་པའི་སྤོབས་པ་ཞ་སོང་རུང་། དེ་ནི་ཁོ་བོས་སྔོན་ཆད་བྲིས་པ་དང་ཕྱིན་ཆད་བྲི་འགྱུར་གྱི་ཐོར་རྩོམ་གང་དེར་ཡིད་ཆེས་རྙེད་པའི་སྟེང་ལ་སྒུལ་ཤུགས་ཀྱི་སྣོན་མ་བཏབ་པའི་རྟགས་དང་མཚན་མ་ཡིན་ཤག་ཤག་ཏུ་ངེས་ན། སེམས་རབ་ཏུ་དགའ་ལ་སྤྲོ་བ་ལྷག་ཏུ་འཕེལ་ཞེས་ཟེར་དང་ཟེར།

འོན་ཏེ། མིའི་རིགས་ལ་མངའ་བའི་ཤེས་རབ་ཀྱི་འོད་དང་བློ་གྲོས་ཀྱི་རྩལ་ཟེར་སྐད་དག་ལ་ནི་སུ་གང་གིས་ཀྱང་ཚད་བཀག་བྱ་མི་བཏུབ་པ་ཡིན་ཙང་། སྔ་ཆད་ཁོ་བོས་བྲིས་མྱོང་བའི་རྩོམ་གསར་ཡིན་ནོ་འགའ་ལ་སླར་ཡང་གཡས་སྔོག་གཡོན་སྔོག་བྱས་ཏེ། གསེར་གསེར་དང་རྡོ་རྡོ་ཡིན་པའི་ཁ་ཁ་སོ་སོ་ཞིག་མི་བྱེད་རང་བྱེད་རེད། ༸གོང་ས་མཆོག་གིས་བརྩམས་གནང་བའི་<<གནའ་བོའི་ཤེས་རབ་དང་། དེང་གི་འཇིག་རྟེན།>> <<ཆོས་ལུགས་ཀྱི་མཚམས་ལས་འདས་པ>>སོགས་འོད་ཀྱིས་གཏམས་པའི་གསུང་རྩོམ་དེ་དག་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱི་དོད་དུ་མཇལ་ཀློག་གྲུབ་པའི་རྗེས་སུ། ནུབ་ཕྱོགས་པའི་མཁས་ཆེན་ཚོ་དང་སྟེས་དབང་གིས་ཕྲད་པའི་ཁོ་བོའི་ལྟ་ཚུལ་མང་དག་ཅིག་ཕྱི་སྨིན་ལ་ནང་མ་སྨིན་པའི་ཤིང་ཏོག་ཨམྲ་དང་ཆ་ཤིན་ཏུ་འདྲ། རེད་དེ། འོ་སྐོལ་ཚོའི་བཤད་སྟངས་བྱས་ན། སྐབས་དོན་འབོར་ཉེན་ཆེ་བས། ད་ནི་དཔེ་ཀློག་གི་ལག་ཡོང་ཟེར་བའི་གནད་དོན་སྤྱི་མཚན་པ་འགའ་འོག་ཏུ་བྲི་བར་བྱ།

ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད།


ང་ཚོར་རྒྱུས་མངའ་ཡོད་པ་ལྟར། མིང་དང་ཐ་སྙད་ཟེར་བ་རྣམས་གཞུང་ལུགས་ཆིག་རྐྱང་བ་ཞིག་ལ་དབང་བའི་གོ་བ་ཆིག་རྐྱང་བ་ཞིག་ལར་ནས་མིན། ལྷག་ཏུ། གཞུང་ལུགས་ཆེ་གེ་མོ་ཞིག་གིས་ལྟེ་བར་བཟུང་བའི་ཐ་སྙད་ཡོད་ཚད་པོ། ཀློག་འགྲེལ་སྐབས་སུ། རྩ་བའི་གོ་བ་ཐུན་མོང་དུ་གྲུབ་ཀྱང་ངེས་པར་དུ་གཞུང་ལུགས་གང་དེའི་ལྟ་གྲུབ་ཡོད་དགོས་པ་ཞིག་མིན། དཔེར་ན། བྱམས་པ། བརྩེ་བ། སྙིང་རྗེ། ཐ་སྙད་འདི་དག་ཆོས་ལུགས་ཡོད་དོ་ཅོག་གིས་གལ་གནད་དུ་འཛིན་པའི་མིང་བརྡ་རྐྱང་རྐྱང་རེད་མོད། ཐ་སྙད་དེ་དང་འབྲེལ་ནས་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་གླེང་བའི་སྐབས་སུ། ཆོས་ལུགས་བྱེ་བྲག་པ་ཞིག་རྨང་གཞི་བྱས་ཏེ་འགྲེལ་བཤད་བྱ་དགོས་པའི་ངེས་པའང་ཡེ་ནས་མེད། མ་གཞི་ནས་ཆོས་ལུགས་ཟེར་བ་ནི་མིའི་རིགས་ཀྱི་དགོས་མཁོ་དང་བསྟུན་ནས་གསར་དུ་བཟོས་པ་ཡིན་ཙང་། མི་མ་བྱུང་བའི་སྔ་རོལ་དུ་ཆོས་ལུགས་ཟེར་བ་ནི་གཞར་ཡང་ཡོད་པ་མིན།

ཆོས་ལུགས་ཀྱི་རྒྱབ་ལྗོངས་དང་དེའི་ཤན་ཞུགས་ཡོད་མེད་ལ་མ་ལྟོས་པར། མི་གྲུབ་ཙམ་ནས་དང་། སྐྱེས་ཙམ་ནས་བྱམས་པ་དང་བརྩེ་བ། གཞན་གཅེས་སྐྱོང་སོགས་ལ་རང་བཞིན་གྱི་བློ་ཁ་ཕྱོགས་པའི་སེམས་དོན་རིག་པ་དེ། མིའི་རིགས་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་བསྡད་པའི་བཟང་སྤྱོད་ཡིན་ལ། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བ་ཡང་འདི་ཡིན། རྨང་གཞི་འདི་འདྲ་ཞིག་གི་འོག་ནས། ད་གཟོད་༸གོང་ས་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བའི་གཟིགས་ཚུལ་གྱི་དབུ་ཁྱུད་བྲིས་པ་ཡིན་ལ། གལ་གནད་དེ་འདྲ་ཞིག་གི་འོག་ནས། ད་གཟོད་༸གོང་ས་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བའི་དགོངས་ཚུལ་ལྷུགས་ལྷུགས་འཆད་པ་རེད།

མཁས་དབང་ཨམྦེཌཀར་དང་རཱཇེནྡྲཔྲསཱད་རྣམ་གཉིས་ཀྱིས་<<རྒྱ་གར་གྱི་ཆོས་དང་མ་འབྲེལ་བའི་རྩ་ཁྲིམས>>ཟེར་བ་ཞིག་སྲོལ་མཛད་གནང་བ་རེད། “ཁོང་རྣམས་ཀྱིས་ཆོས་དང་མ་འབྲེལ་བའི་རིང་ལུགས་གོང་མཐོར་གཏོང་བའི་དམིགས་ཡུལ་ཡང་ཆོས་ལུགས་མེད་པ་བཟོ་ཕྱིར་མ་ཡིན་པར། རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུ་ཆོས་ལུགས་སྣ་ཚོགས་ཡོད་པ་རྣམས་ལུགས་མཐུན་གྱི་སྒོ་ནས་ངོས་འཛིན་བྱ་ཕྱིར་ཡིན།” རླབས་ཆེ་བའི་བསམ་བློ་འདི་རྨང་གཞིར་བཞག་སྟེ། ༸གོང་ས་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བའི་ངོས་འཛིན་དང་དགེ་ཕན་སོགས་བསྐྱར་བསྐྱར་ནན་ནན་གྱིས། མི་རིགས་དང་མི་རིགས་བརྒྱུད། རྒྱལ་ཁབ་དང་རྒྱལ་ཁབ་བརྒྱུད་དེ་ཞལ་མཆིད་བསྩལ་གནང་བ་རེད་ལ། ཁོང་དང་དངོས་སུ་མ་མཇལ་བའམ་མཐའ་ན་ཁོང་གི་གསུང་ཙམ་ཡང་གོ་ཐོས་མ་བྱུང་བའི་མཆོག་དམན་སྐྱེ་འགྲོ་ཀུན་ལ། ཡིག་ཐོག་ནས་བརྒྱུད་སྤྲོད་གནང་བའི་ལྗགས་རྩོམ་<<གནའ་བོའི་ཤེས་རབ་དང་། དེང་གི་འཇིག་རྟེན།>> <<ཆོས་ལུགས་ཀྱི་མཚམས་ལས་འདས་པ>>སོགས་ཡིན་པ་རེད། ནམ་མཁའ་ལྟར་རབ་ཏུ་ཡངས་ལ་རྒྱ་མཚོ་ལྟར་ཤིན་ཏུ་ཟབ་པའི་དཔེ་དེབ་འདི་ཉིད་ཆོས་ལུགས་ཀྱི་པོ་ཏི་ཞིག་མ་ཡིན་ལ། དེ་ལས་ལྡོག་སྟེ། ཆོས་ལུགས་དང་གཏན་ནས་མ་འབྲེལ་བའི་བཀའ་རྩོམ་རྐྱང་པ་ཞིག་ཡིན། སླར་ཡང་བཤད་ན། ཆོས་ལུགས་ཀྱི་སྒྲོམ་གཞི་ལ་ལྟོས་པ་མེད་པར། ཆོས་ལུགས་ཀྱི་ཤན་ཤུགས་ཅི་ཡང་མེད་པར། གདོད་མ་ནས་མིའི་རིགས་ལ་མངའ་བའི་ཡ་རབས་སྤྱོད་བཟང་ཟེར་བ་ནན་དང་ནན་གྱིས་གསུངས། མིའི་རང་བཞིན་གྱི་ཐོག་ནས་ཡོང་བསྡད་པའི་ཀུན་སྤྱོད་འདི་དང་འདི་ལྟ་བུ་ལ། ༸གོང་ས་མཆོག་གིས། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་མིང་གིས་བསྙད་པ་རེད་ལ། ཚིག་ཟུར་དུ་གསལ་བའི་ཆོས་ལུགས་དང་མ་འབྲེལ་བ་ཞེས་ཆེད་མངགས་སྨྲ་བ་ལ་དགོས་པ་ལྷག་པོ་ཞིག་ཡོད་པ་ཨ་ཅང་བརྗོད་མེད་རེད། 

དེས་དྲངས་པའི་སྤྱི་ཚོགས་ཀྱི་ལམ་བུ།

ལར་༸གོང་ས་མཆོག་གི་བསམ་བློའི་ཞུན་བརྡར་ལས་གསར་རྙེད་བྱུང་བའི་བཀའ་རྩོམ་དེ་དག རིངས་པ་རིངས་པའི་ཚུལ་དུ་མི་གཅིག་ནས་བཅུ། བཅུ་ནས་བརྒྱ་ལག་བརྒྱུད་དེ། ད་ཆ་འཛམ་གླིང་ཧྲིལ་པོ་འདི་ལ་ཁྱབ་བརྡལ་དུ་སོང་བ་འདྲེན་བྱེད་མིག་གི་སྤྱོད་ཡུལ་དུ་གྱུར་ནས་ཡོད་ལ། ཆེད་ལས་མི་འདྲ་ཞིང་ལས་རིགས་མི་གཅིག་པའི་མི་ཕལ་མོ་ཆེས་དགའ་སྤྲོའི་ཐལ་མོ་ཤུགས་ཀྱིས་རྡེབ་བཞིན་པ་རྣ་བའི་བཅུད་དུ་གསོས་ནས་ཡོད། ད་དུང་ཡང་། ཤར་ནུབ་རྒྱལ་ཁབ་མང་དག་ཅིག་གིས་སློབ་གྲྭ་ཆེན་མོའི་ཟུར་ལྟའི་སློབ་ཚན་དུ་བདམས་ཡོད་པའང་ཀུན་ལ་གསལ་ཆ་ཡོད། གནས་བབ་འདིའི་ཐོག་ནས་དཔྱད་ནའང་། ༸གོང་ས་མཆོག་གི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དེས་དྲངས་པའི་སྤྱི་ཚོགས་ཀྱི་ལམ་བུ་གང་འདྲ་ཞིག་ཡིན་མིན་དགའ་རབས་ཤིག་ངེས་ཤེས་འདྲོངས་ནུས་པ་མ་ཡིན་ནམ།

ད་ལྟའི་ཆར། ཆོས་ལུགས་ཟེར་ན་རྨོངས་དད་དང་རྙིང་ཞེན་ཞེས་མགོ་བོ་འཕྲེད་དུ་གཡུག་ལ། སྲོལ་རྒྱུན་ཟེར་ན་རྗེས་ལུས་དང་མཁྲེགས་འཛིན་ཞེས་རྣ་བ་ལག་པས་གཅོད་པ་ཡིན། ཁམས་དང་མོས་པ་མི་འདྲ་ལ། རིག་གནས་ཀྱི་རྨང་གཞི་མི་མཚུངས་པའི་འགྲན་རྩོད་ཀྱི་རླུང་འཚུབ་དྲག་པོའི་འདིའི་ཁྲོད་དུ། ༸གོང་ས་མཆོག་གིས། ལྟ་གྲུབ་མི་འདྲ་བའི་ཆོས་ལུགས་གང་ལའང་ཁོངས་མ་གཏུགས་ལ། ཆེད་ལས་མི་འདྲ་བའི་རིག་ཚན་གང་ལའང་རྩ་འཛིན་མ་གནང། གཞི་རྩའི་འགྲོ་བ་མིའི་གཤིས་ལུགས་སུ་གྲུབ་པའི་སེམས་དོན་རིག་པར་འཚོལ་ཞིབ་བྱས་པ་རེད། རྒྱུ་མཚན་ཤིན་ཏུ་གསལ། ཤར་ཕྱོགས་ཀྱི་རིག་གནས་རྨང་གཞི་བྱས་ན། ནུབ་ཕྱོགས་པ་ཚོ་ཁོང་དགོད་ཤོར་ལ། ནུབ་ཕྱོགས་པའི་རིག་གནས་རྩ་བར་བཟུང་ན། ཤར་ཕྱོགས་པ་ཚོ་ཡང་རྣ་བར་མི་འགྲོ། དེ་བཞིན་དུ། ཁ་ཆེའི་ཆོས་ལུགས་ལ་གཞི་བཅོལ་རྒྱུ་བྱུང་ན། ནང་པའི་ཆོས་པ་ཚོ་ཁྲོ་བ་ཐག་གིས་ཆོད་ལ། ནང་ཆོས་ཀྱི་བསམ་བློ་རྒྱབ་ལྗོངས་སུ་བཞག་ན། ནང་པ་མ་ཡིན་པའི་ཆོས་པ་ཚོ་སྡང་བའང་སེམས་ཐག་ཡིན།

དེ་འདྲ་སོང་ཙང་། ཐོག་མར་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཞེས་བཀའ་མཆིད་མང་བོ་བསྩལ་གནང་བ་ནི། ཁྱོད་གསལ་ཆ་ཡོད་ལ་ང་ཡང་ངེས་ཆ་ཡོད། མིའི་བཤད་སྟངས་ལ། བཤད་པ་ཁོ་ནས་ཅི་ཡང་རྔོ་མི་ཐོགས་པར་ཐབས་ལམ་དགོས་པ་རེད། ལག་ལེན་མཁོ་བ་རེད་ཅེས་པ་ཤིན་ཏུ་བདེན་འདྲ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་རིག་ཚན་འདི་འཛམ་གླིང་ཞི་བདེ་ལ་སྙེག་པའི་ཐབས་ལམ་རེད་ལ། གོ་ལ་གཅིག་གྱུར་གྱི་ལམ་བུ་ལ་འཕྲོས་པའི་འོད་ཟེར་རེད། ཡང་གཅིག་བཤད་ན། ༸གོང་ས་མཆོག་གིས་འགྲོ་བ་མིའི་རིགས་ཀྱི་སེམས་གཏིང་ནས་སྨོན་པ་བྱེད་བཞིན་པའི་ཞི་བདེ་བག་ཕེབས་ཀྱི་ལམ་བུ་ལ་གསར་དུ་བསྒྲོན་པའི་འོད་ཀྱི་གོང་བུ་དེ་རེད།

སླར་ཡང་སྨྲ་ན། རིགས་རུས་དང་ཤ་མདོག་གི་དབྱེ་བ་མེད་པར། དབུལ་ཕྱུག་དང་ཆོས་ལུགས་ཀྱི་གོ་རིམ་མེད་པར། འགྲོ་བ་མིའི་རིགས་ཡོད་དོ་ཅོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདི། སྤྱི་མཐུན་དུ་ཁས་བླངས་ཤིང་ཐུན་མོང་གིས་དགའ་མོས་བྱེད་ཡུལ་དུ་གྱུར་དང་འགྱུར་བཞིན་པའི་རྟགས་དང་མཚན་མ་ཕྱོགས་ཡོངས་ནས་མངོན་ཡོང་གི་འདུག གང་ལ་ཞེ་ན། རྨད་དུ་བྱུང་བའི་ལེགས་བཤད་ཅིག་སྟེ<<གནའ་བོའི་ཤེས་རབ་དང་། དེང་གི་འཇིག་རྟེན།>>ཞེས་པ་འདི་འཛམ་གླིང་མི་དམངས་ཀྱིས་དགའ་མོས་བྱེད་པའི་མིའི་གྲངས་འབོར་ལས་རྦད་དེ་བརྒལ་བ་རེད། སྔ་ཆད་ཅིག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་འགྲན་རྩོད་ཀྱི་ཨང་རིམ་གསུམ་པར་ཡང་སླེབས་མྱོང་ཡོད་སྐད། མ་གཞི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་གྲས་སུ་ཚུད་པ་ལ་རང་ཉིད་ཀྱི་མ་སྐད་ཐོག་ནས་བརྩམས་གནང་དགོས་པ་ཁོ་པ་ཚོའི་ཆ་རྐྱེན་ཡིན། རེད་དེ། <<གནའ་བོའི་ཤེས་རབ་དང་། དེང་གི་འཇིག་རྟེན།>>ཞེས་པའི་ལྗགས་རྩོམ་འདི་དབྱིན་སྐད་ལས་མཛད་པ་མ་གཏོགས་བོད་སྐད་ལས་བརྩམས་པ་མ་རེད། འོ་ན། རླབས་ཆེ་བའི་གཟེངས་རྟགས་དེའི་འགྲན་རྩོད་ཀྱི་གྲས་སུ་ཇི་ལྟར་ཚུད་པ་ཡིན་ནམ། ཕྱག་དཔེ་དེར་དགའ་མོས་བྱེད་མཁན་མིའི་གྲངས་འབོར་ཚད་ལས་བརྒལ་བ་ཡིན་ཙང་། དམིགས་བསལ་གྱི་གྲས་སུ་ཚུད་པ་རེད་ཟེར། གནས་བབ་འདིའི་ཐོག་ནས་བལྟས་ན། ད་གཟོད་གོང་ས་མཆོག་གིས་མཛད་གནང་བའི་ལྗགས་རྩོམ་དེ་དང་དེ་ལས་གསར་དུ་བྱུང་བའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བ་འདིས་སྤྱི་ཚོགས་ལ་སྣེ་ཁྲིད་ཅི་ཙམ་བྱེད་བཞིན་ཡོད་པ་གཏིང་ཟབ་ས་ནས་རྟོགས་ཡོང་བ་མ་ཡིན་ནམ།

ད་ནི་འདྲིལ་བར་བྱ་སྟེ། ༸གོང་ས་མཆོག་གིས། འགྲན་རྩོད་ཀྱི་རྦ་རླབས་དྲག་ཏུ་འཕྱོ་བཞིན་པའི་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཞིབ་འཇུག་ཡང་ཡང་བྱས་པའི་མོད་ལ། སེམས་ཅན་ཡིན་ནོ་ཅོག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་པའི་རྨང་གཞིའི་ཐོག ཆོས་ལ་དད་མོས་ཡོད་པ་དང་ཆོས་ལུགས་བྱེ་བྲག་པ་གང་ལའང་ཡིད་ཆེས་ཁྱོན་ནས་མེད་པའི་སྐྱེ་འགྲོ་ཡོངས་ལ་ཐུན་མོང་དུ་ཁྱབ་པའི་ལྟ་ཚུལ་གསར་པ་ཞིག་སྟེ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདི་འཛམ་གླིང་ཞི་བདེ་ལ་བགྲོད་པའི་ཐབས་མཆོག་བླ་ན་མེད་པ་ཞིག་ཡིན་པར་ཁོ་བོས་སེམས་ལ། དེང་དུས་ཀྱི་སྤྱི་ཚོགས་འདིས་དགའ་བའི་ཐལ་སྒྲ་བརྡེབས་ཚུལ་ལ་དཔགས་ན་ལྷག་པར་ཡིད་ཆེས་འཕེར་ལ་དང་བ་རབ་ཏུ་འདྲེན་ནོ། །

མཇུག་གི་བཤགས་པ།


གཅིག་བྱས་ན། དོན་ལོག་སྒྲ་ལོག་ཏུ་སོང་བ་རེ་འགའ་ཡང་ཡོད་སྲིད། ལྷ་རབས་བྱུང་ན། ༸གོང་ས་མཆོག་ལྟ་བུའི་མི་སྣ་རླབས་ཆེན་ཚོའི་ལྟ་གྲུབ་ལ་དཔྱད་བརྗོད་མ་སྤེལ་ན་བཟང་། ལྷག་ཏུ། ང་ལྟ་བུའི་ཐོས་ཆུང་བཤད་དགའ་ཚོས་ཚོད་བཟུང་ན་ཡག་གི་སྟེང་དུ་རྒྱན་རེད་མོད། དཔེ་ཀློག་གི་ཚོར་སྣང་བག་ཙམ་ཞིག་ཡིག་ཐོག་ཏུ་ཕབ་པ་ལ་ཉེས་པ་ཨེ་ཡོད་སྙམ།

ད་སྔ་ཡན་ཆད། ཁོ་བོས་༸གོང་ས་མཆོག་དང་འབྲེལ་བའི་དཔྱད་བརྗོད་རང་བཞིན་གྱི་རྩོམ་ཡིག་རྐང་གཅིག་ཀྱང་བྲིས་མྱོང་མེད། གང་ལ་ཞེ་ན། ཕྲན་ལྟ་བུས། ༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་དོན་ལས་ཅི་ཞིག་གོ་མདོག་བྱེད་པ་ནི། བྱེ་མ་བཙིར་ནས་སྣུམ་ལ་རེ་བ་དང་གཅིག་ཏུ་འགྱུར་མོད། རང་ངོ་རང་གིས་མ་ཟིན་པར་མུན་ནག་ལ་ལག་སྙོབ་ཐེངས་གཅིག་བགྱིས་པ་ལ་ཉེས་སྐྱོན་ཕྲ་མོ་ཙམ་ལས་མེད་ནའང་། སེམས་ནས་དགོངས་དྭངས་ཞུ། སྙིང་ནས་བཟོད་པར་གསོལ།
༸གོང་ས་མཆོག་གི་ "ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་"དང་། དེས་དྲངས་པའི་སྤྱི་ཚོགས་ཀྱི་ལམ་བུ། ༸གོང་ས་མཆོག་གི་ "ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་"དང་། དེས་དྲངས་པའི་སྤྱི་ཚོགས་ཀྱི་ལམ་བུ། Reviewed by ཆོས་དུང་ དཀར་པོ། on 9:46 PM Rating: 5

1 comment:


  1. I relish, result in I discovered just what I was taking a look for. You have ended my four day lengthy hunt! God Bless you man. Have a nice day. Bye outlook 365 email login

    ReplyDelete