བོད་ཀྱི་སྐྱེ་འཆིའི་བསྟན་བཅོས་ཞེས་པ་ངོ་སྤྲོད་མདོར་བསྡུས། THE TIBETAN BOOK OF LIVING AND DYING


---- བསོད་རྒྱལ་རིན་པོ་ཆེའི་སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་བརྩམས་ཆོས།
---- གངས་བཞད་ཀྱིས་བསྒྱུར་སྒྲིག་བྱས།

*བསྟན་བཅོས་ཀྱི་མཚན་བྱང: བོད་ཀྱི་སྐྱེ་འཆིའི་བསྟན་བཅོས།
西藏生死书
THE TIBETAN BOOK OF LIVING AND DYING

---- དེང་སང་གི་ཆེས་རླབས་ཆེ་བའི་སྐྱེ་འཆི་རིག་པའི་གྲགས་རྩོམ། ---- ཆེས་བེད་སྤྱོད་ཆེ་བའི་ནད་ཐོག་ཞབས་ཞུའི་ལག་དེབ་ཅིག
---- (ནུབ་ཕྱོགས) བསོད་རྒྱལ་རིན་པོ་ཆེས་དབྱིན་ཡིག་ཐོག་ཏུ་བརྩམས། ---- (ཐེ་ཝན) ཀྲིན་གྲིན་ཧོང་གིས་རྒྱ་ཡིག་ཏུ་བསྒྱུར།

*《བོད་ཀྱི་སྐྱེ་འཆིའི་བསྟན་བཅོས》ལ་རྒྱལ་སྤྱིའི་ཁྱོན་ནས་ཐོབ་པའི་གདེང་འཇོག་ཁག:

བསོད་རྒྱལ་རིན་པོ་ཆེའི་བརྩམས་ཆོས་ཆེན་པོ་འདི་ནི་ནུབ་ཕྱོགས་ཀྱི་བསྟན་བཅོས་གྲགས་ཅན《ལྷའི་རོལ་དབྱངས》(THE DIVINE COMEDY)བོད་ལུགས་དཔར་མ་ཐོན་པ་ལྟ་བུའི་ངོ་མཚར་བློ་ལས་འགོང་བ་ཞིག་རེད། ང་ཚོས་འདི་ལྟར་བསམ་ཚོད་བྱས་ཆོག་སྟེ། གལ་སྲིད(《ལྷའི་རོལ་དབྱངས》རྩོམ་པ་པོ)ཏན་ཏིན(DANTE)ནི་ཡི་ཤུའི་ཆོས་ལུགས་ལ་དད་པའི་སྙན་ངག་པ་ཞིག་མིན་པར། དེ་ལས་ལྡོག་སྟེ་སེམས་ཚོར་ཞིབ་མོས་ནང་པ་སངས་རྒྱས་པའི་རིག་པར་ཞིབ་འཇུག་གནང་མཁན་གྱི་བྱ་བཏང་སྔགས་འཆང་བ་ཞིག་ཡིན་ཚེ། གདོན་མི་ཟ་བར་ཁོང་གིས་ཕྱི་རབས་པར་བཞག་གནང་བ་ནི་ལྷའི་རྫུ་འཕྲུལ་གྱི་མཐུ་ནུས་ལ་བརྟེན་ནས་བདེ་འགྲོའི་ལྷ་ཡུལ་དང་ངན་འགྲོའི་དམྱལ་ཁམས་སོགས་ཇི་ལྟར་འགྲིམ་པའི་མཐོང་ཐོས་སྐོར་མ་ཡིན་པར། རྒྱུ་འབྲས་འཁོར་བའི་རྟེན་འབྱུང་འཆད་པའི《བོད་ཀྱི་སྐྱེ་འཆིའི་བསྟན་བཅོས》ཡིན་ངེས་སོ། །
------ཨ་རིའི《ནིག་ཡོག་དུས་བབ》ཀྱི་བརྩམས་ཆོས་གདེང་འཇོག་སྟེགས་བུ།

བསོད་རྒྱལ་རིན་པོ་ཆེས་གང་གསུངས་པ་ཐམས་ཅད་དངོས་གནས་མིའི་སེམས་ལ་འཇུག་པོ་འདུག ཁོང་གི་ཟོལ་མེད་ནན་ཏན་ཆེ་བའི་གསུང་སྒྲོས་དང། དེའི་ཐོག་སྐབས་བསྟུན་ལུང་འདྲེན་ཞུས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ་གདམས་ཚིག་དུམ་རེ་རེས། མི་རྣམས་འཆི་བའི”འཇིགས་སྣང་ཆེན་པོ”ལས་ཟློག་པར་བྱེད་པ་མ་ཟད། ཐ་ན་འཆི་བ་ནི་རང་དང་མི་ཚེ་གཅིག་ལ་འགྲོགས་པའི་གྲོགས་བཤེས་རྙིང་པར་ལྟ་དགོས་པའི་ངེས་ཤེས་ཀྱང་སྐུལ་བར་བྱེད་དོ།
------ཨ་རིའི《ལའོ་སན་རྗེའུ་ལེ་སིའི་དུས་བབ》ཚགས་ཤོག

དེབ་འདི་ནི་བསམ་ཚོད་ལས་བརྒལ་བའི་གྲུབ་འབྲས་ཆེན་པོ་ཞིག་སྟེ། དེའི་སེམས་རྩར་ཟུག་ཅིང་ཚོར་རྟོགས་སློང་བར་བྱེད་པའི་སྐུལ་ཤུགགས་ཆེན་པོ་འདི་ནི། དངོས་འབྲེལ་ཚད་འཇལ་དཀའ་བའི་ནོར་བུའི་བང་མཛོད་ཅིག་རེད།
------ཨ་རིའི《སན་ཧྥུ་རན་སེ་སི་གོའི་བྱ་བཞག་ཟིན་བྲིས》ཚགས་པར།

ནུབ་ཕྱོགས་པའི་སྤྱི་ཚོགས་ལ་ལྟོས་ནས་དེབ་འདི་ནི་བོད་ཀྱི་ནང་ཆོས་ཀྱི་ཉིང་བཅུད་རེད་ཅེས་ཤོད་ཆོག་པ་འདུག འདིས་རང་རེའི་ཆེས་གལ་འགངས་ཆེ་བའི་དགེ་རྒན་ཏེ---འཆི་བདག་གི་མདུན་དུ་གང་འདྲ་བྱེད་དགོས་པའི་སྐོར་ལ་དོན་དངོས་དང་སེམས་ཁམས་ཕྱོགས་གཉིས་ནས་མཛུབ་སྟོན་གནང་འདུག འདི་ལྟ་བུའི་བསྟན་བཅོས་ཞིག་འཐོན་པར་རེ་སྒུག་ལོ་མང་བྱས་པ་བཞིན། བསོད་རྒྱལ་རིན་པོ་ཆེ་མཆོག་གིས་མི་རྣམས་ཀྱི་རེ་བཞག་འདི་མངོན་དུ་འགྱུར་བ་གནང་བ་མ་ཟད། དེ་བས་ཀྱང་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་ནི་ཁོང་གིས་དུས་རབས་འདི་ལ་མེད་ཐབས་བྲལ་བའི་ཞལ་གདམས་ཟབ་མོ་དག་བསྟན་བཅོས་འདིའི་མགོ་མཇུག་བར་གསུམ་དུ་མངོན་པར་མཚོན་པར་བྱས་འདུག་པ་དེའོ། །
------《Life At Death》ཞེས་པའི་དེབ་ཀྱི་རྩོམ་པ་པོ་ཁུན་ནེ་སི་རོས་ལིན།་

བསོད་རྒྱལ་རིན་པོ་ཆེ་ནི་ཁྱད་ཆོས་སྣ་མང་ཉམས་འགྱུར་གྱིས་ཕྱུག་པའི་བོད་ཀྱི་མི་རབས་གསར་བའི་དགེ་བའི་བཤེས་གཉེེན་ཞིག་རེད་ལ། ཁོང་གིས་དགོད་བྲོ་དོན་ཟབ་རོ་བྲོ་ཁ་རྒྱུ་ཡོད་པ་དང་བརྩེ་འཇམ་ལྡན་པའི་ཁྲིད་སྟངས་ཀྱི་ཐོག་ནས། རྒྱ་ཆེ་གཏིང་མཐའ་ཟབ་པའི་བོད་ཀྱི་ནང་ཆོས་ཀྱི་བསམ་བློའི་ཉིང་བཅུད་རྣམས། ཤིན་ཏུ་ཁ་གསལ་གོ་བདེ་དང་ཐད་ཀ་བའི་ངང་ནས་ནུབ་ཕྱོགས་པའི་མི་རྣམས་ལ་མཚམས་སྦྱོར་གནང་འདུག་པས། འདི་ནི་དངོས་འབྲེལ་རང་ཕལ་བའི་རྒྱ་ལས་འགོང་བའི་གྲགས་རྩོམ་ཞིག་རེད་དོ།
------ཨ་རིའི་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་རའེ་ཆི་ཊི་གྷེའར།

འདི་ནི་ཧ་ཅང་ཐོབ་དཀའ་བའི་དཔེ་དེབ་ཅིག་སྟེ། 《Tibetan Book of The Dead》(《བར་དོ་ཐོས་གྲོལ་ཆེནམོ》སྤྱི་ལོ ༡༩༡༩ ལོར་སྒང་ཏོག་གི་བླ་མ་ཟླ་བ་བསམ་འདུས་ཀྱིས་དབྱིན་ཇི་བ་ཞིག་ལ་རམ་འདེགས་བྱས་ཏེ་དབྱིན་ཡིག་ཏུ་བསྒྱུར་ནས་བཀྲམ་པར་འཛམ་གླིང་ཁྱོན་ལ་གྲགས་སྐད་ཆེན་པོ་བྱུང་བ་རེད---སྒྱུར་བ་པོའི་མཆན)བཀླགས་མྱོང་བའི་གྲོགས་པོ་ཚོས་ཡང་བསྐྱར《བོད་ཀྱི་སྐྱེ་འཆིའི་བསྟན་བཅོས》འདི་བཀླགས་ཚེ། བར་དོའི་ཡིད་ལུས་ཀྱི་གནས་རིམ་སོ་སོར་སྔར་བས་ཀྱང་ཡང་དག་པའི་རྒྱུས་ལོན་བྱེད་ཐུབ་པར་གྱུར་ཏེ། རང་རང་སོ་སོའི་དོན་དངོས་ཀྱི་ཉམས་ལེན་དང་ཟུང་འབྲེལ་ཐོག་ནས་གཞན་གྱི་འཆི་ཁ་མའི་གནས་སྐབས་ལ་ལྟ་སྐྱོང་ཇི་ལྟར་བྱ་དགོས་མིན་ཤེས་པར་འགྱུར་ངེས་རེད། ནང་ཆོས་ལ་དད་པ་མེད་མཁན་ཚོ་དང་ཐ་ན་ནང་ཆོས་ལ་ངོ་རྒོལ་བྱེད་མཁན་གྲོགས་པོ་ཚོའི་ངོས་ནས་བཤད་ནའང། དཔེ་དེབ་འདིེས་གཅིག་བྱས་ན་དོགས་མཚར་བསླངས་པར་བརྟེན་ནས་ལྟ་ཀློག་གི་སྤྲོ་བ་འདྲེན་སྲིད་སྙམ། བསྒྱུར་དེབ་གནད་ལ་ཁེལཞིང་ཉམས་འགྱུར་གསལ་བ་དང་ཚིག་སྦྱོར་མཛེས་པས། ཀློག་པ་པོ་རྣམ་པ་སྤྲོ་བ་འཕེལ་བའི་ངང་ནས་གཟིགས་མོའི་ལོངས་སྤྱོད་ལ་རེམ་པའི་རྟིང་སྐུལ་ཞུའོ། །
------ཐེ་ཝན་སློབ་གྲྭ་ཆེན་མོའི་མགོ་ལུས་སྨན་པ་ཟུར་བ་ཧོང་ཝུན་ལཱང།

དེབ་འདི་ནི་དེང་སང་གི་ཆེས་རླབས་ཆེ་བའི་སྐྱེ་འཆི་རིག་པའི་བསྟན་བཅོས་ཏེ། སྤྱོད་སྒོ་ཆེ་བའི་འཆི་ཁ་མའི་ནད་པར་ལྟ་སྐྱོང་ལག་དེབ་ཅིག་ཡིན་པ་དང། འདིས་ཀློག་པ་པོར་མཁོ་སྤྲོད་བྱེད་པ་ནི་འཆི་བ་དང་འཆི་ཁ་མའི་མི་ལ་ལྟ་སྐྱོང་བྱེད་སྟངས་ཀྱི་གཞུང་ལུགས་འགྲེལ་བརྗོད་ཙམ་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ནི་ཆ་ཚང་བའི་སྒོ་ནས་གཞུང་ལུགས་དེ་དག་དངོས་སུ་ལག་ལེན་ལ་འགེལ་ཕྱོགས་སྐོར་གྱི་ཐབས་ཤེས་ཀྱང་ངོ་སྤྲོད་བྱས་འདུག་པ་དེ་རེད། བསྟན་བཅོས་འདིའི་ངོས་འཛིན་ལྟར་ན་འཆི་བ་ནི་སྐབས་རིམ་གཞན་ཞིག་གི་ཚེ་སྲོག་གི་འགོ་འཛུགས་ཡིན་པ་དང། དེ་ནི་ཚེ་སྲོག་ཁྱོན་ཡོངས་ཧྲིལ་པོའི་དོན་སྙིང་ལྡོག་འཕྲོ་བྱེད་སའི་མེ་ལོང་ཞིག་ཡིན་པ་རེད།་་་་་་དེབ་འདིའི་ཚིག་སྦྱོར་སྡེབ་ལེགས་ཡང་ཟོར་ཆེ་ཞིང་ཚོར་ཤུགས་ལྡན་པ་དང། སྙན་འཇེབས་ཡིད་དུ་འོང་བས། ལེའུ་རེ་རེ་དང་ དོན་ཚན་རེ་རེ་བཞིན་གྱིས་ཀློག་པ་པོའི་ སེམས་ཁམས་གཏིང་རིམ་གྱི་བརྩེ་ཚོར་དྲག་པོ་སློང་བར་བྱེད་པས། མི་རེ་ངོ་རེས་ཅིས་ཀྱང་ཀློག་དགོས་ངེས་དང་ཉམས་ལེན་བྱེད་དགོས་ངེས་ཀྱི་དེབ་ཅིག་ཡིན་པའི་གྲགས་སྐད་ཁྱབ་བཞིན་ཡོད་པ་རེད།
------རྒྱ་ནག་སྐམ་ས་ཆེན་པོའི་སྤྱི་ཚོགས་ཚན་རིག་ཁང་གི་དཔེ་སྐྲུན་ཁང་དང་བོད་ཡུལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དེབ་འདི་རྒྱ་འགྱུར་མ་བསྐྱར་དཔར་ངོ་སྤྲོད་ཀྱི་ཚིག་དུམ། 


*སྔོན་དུ་གླེང་བ་ཁག: 

ཀ ༸གོང་ས་མཆོག་གིས་བསྩལ་བའི་སྔོན་གླེང།

དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་དེབ་གཟུགས་འདིའི་ནང་དུ། བསོད་རྒྱལ་རིན་པོ་ཆེས་གཏིང་ཟབ་པའི་སྒོ་ནས་ཇི་ལྟར་ཚེ་སྲོག་གི་སྙིང་དོན་ངོ་མར་ངོས་འཛིན་བྱས་ཏེ་འཆི་བ་དང་དུ་ལེན་དགོས་ཚུལ་དང། ཇི་ལྟར་འཆི་ཁ་མའི་མི་དང་འདས་པོར་་རོགས་རམ་བྱེད་དགོས་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་འདུག སྐྱེ་བ་ཡོད་ཚར་བའི་གཞུག་ལ་འཆི་བ་རང་བཞིན་དུ་འོངས་ངེས་པ་རེད། མི་རེ་ངོ་རེ་བཞིན་ཚང་མས་སྔ་ཕྱི་མ་གཏོགས་འཆི་བར་གདོང་ལེན་བྱ་དགོས་པ་ཡིན། ང་ཚོ་ད་དུང་འཚོ་བཞིན་པའི་རིང་འདིར་་འཆི་བའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་རྣམ་པ་གཉིས་ཡོད་པ་ནི། དེ་སྣང་མེད་དུ་བསྐྱུར་འཇོག་བྱེད་པའམ། ཡང་ན་དེ་ལ་གདོང་གཏད་ནས་ལྟ་བའི་ཐོག་ནས་འཆི་བའི་སྐོར་གྱི་བསམ་གཞིགས་ཞིབ་ཅིང་ཕྲ་བ་བརྒྱུད་དེས་འདྲེན་པར་འགྱུར་བའི་སྡུག་བསྔལ་ཉུང་དུ་འཕྲི་ཐབས་བྱེད་པ་དེ་ཡིན། དེ་ལྟ་ན་ཡང། ཐབས་ཤེས་འདི་གཉིས་གང་གིས་ཀྱང་ང་ཚོ་འཆི་བའི་དཀའ་ངལ་དོན་དམ་དུ་སེལ་མི་ཐུབ་པ་ཡིན། རང་ཉིད་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ངོས་ནས་བདག་གིས་འཆི་བ་ནི་རྒྱུན་ལྡན་གྱི་གོ་རིམ་ཞིག་ཡིན་པར་ལྟ་བཞིན་ཡོད་དེ། གལ་སྲིད་རང་ཉིད་ད་དུང་འཇིག་རྟེན་འདིར་འཚོ་བཞིན་པ་ཞིག་ཡིན་ཕྱིན། འཆི་བ་ཞེས་པའི་དོན་དངོས་འདི་ལྡོག་ཏུ་མེད་པར་འབྱུང་ངེས་པ་ཡིན། དེ་ལྟར་བདག་གིས་འཆི་བ་ལ་ནི་གཡོལ་ཐབས་རྩ་ནས་མེད་པའི་གནས་ལུགས་རྟོགས་པར་གྱུར་རྗེས། དེའི་ཆེད་དུ་སེམས་ཁྲལ་བྱ་དགོས་པའི་རྒྱུ་མཚན་ཡང་གང་ཡང་མཐོང་མ་སོང། ང་ལ་འཆི་བ་ཞེས་པ་གྱོན་གོས་རྙིང་རལ་དུ་གྱུར་རྗེས་གསར་བ་བརྗེ་དགོས་པ་ལྟ་བུ་ཞིག་ལ་ལྟ་འདོད་ལས་དེ་ནི་ཡོད་ཚད་རྫོགས་ཟིན་པའི་མཐའ་མཇུག་ཏུ་ངོས་ལེན་བྱ་འདོད་ཅི་ནས་ཀྱང་མི་འདུག དེ་ལྟ་ནའང་འཆི་བ་ཞེས་པ་ད་དུང་ཡང་ཚོད་དཔག་མི་ཐུབ་པ་ཞིག་རེད་འདུག་སྟ

---ང་ཚོས་རང་ཉིད་ག་དུས་འཆི་སྲིད་པའམ་ཇི་ལྟར་འཆི་རྒྱུ་ཡིན་པ་ཤེས་མི་ཐུབ་པ་ཡིན། དེར་བརྟེན། འཆི་བདག་གི་ཕོ་ཉ་དངོས་སུ་མ་བསླེབས་པའི་སྔོན་ཚུན་དུ་ང་ཚོས་ངེས་པར་དུ་གྲ་སྒྲིག་གི་ལས་ཁ་ཤས་བསྒྲུབ་དགོས་པ་ཡིན། ང་ཚོ་འགྲོ་བ་མི་ཡི་རིགས་ཕལ་ཆེ་བས་རང་བཞིན་གྱིས་འཆི་ཁར་ཞི་ལྷིང་་ངང་ལ་མིག་བཙུམ་རྒྱུའི་འདོད་པ་བྱེད་ངེས་རེད་མོད་ཀྱང། ང་ཚོའི་མི་ཚེའི་འཚོ་བའི་ནང་དུ་དྲག་ཤུགས་ཀྱི་ཚོར་བས་ཁེངས་པར་གྱུར་ཏེ། གལ་སྲིད་ང་ཚོའི་སེམས་ཁམས་ག་དུས་ཡིན་རུང་ཁོང་ཁྲོ་དང། འདོད་རྔམ། ཡང་ན་འཇིགས་སྐྲག་སོགས་ཀྱི་ཚོར་བས་ཁ་ལོ་བསྒྱུར་བར་གྱུར་ཚེ། ལྷིང་འཇགས་ངང་ནས་འཆི་འདོད་ཀྱི་རེ་ལྟོས་དེའང་སྟོང་པར་ལུས་རྒྱུ་ཡིན་པ་ངེས་ཅན་རེད། དེ་འདྲ་སོང་བ་ཡིན་དུས་ཙ་ན། གལ་སྲིད་ང་ཚོ་བདེ་བའི་ངང་ལ་འཆི་འདོད་ན། གང་འདྲ་བྱས་ནས་བདེ་བའི་ངང་ལ་གསོན་པའི་འཚོ་བ་སྐྱེལ་སྟངས་སྐོར་ལ་སློབ་སྦྱོང་ངེས་པར་དུ་བྱ་དགོས་པ་ཡིན། གལ་སྲིད་ང་ཚོ་ཞི་འཇམ་ལྷིང་འཇགས་ཀྱི་ཚོར་བའི་ཁྲོད་ནས་འཆི་འདོད་ཚེ། ཉིན་རྒྱུན་གྱི་འཚོ་བར་འབྲེལ་བའི་སེམས་ཁམས་ཀྱི་ནང་ལོགས་ནས་ཞི་འཇམ་ལྷིང་འཇགས་ཀྱི་སེམས་བག་བསྐྱེད་བསྲིང་བྱ་དགོས་སོ། རྣམ་པ་ཚོས་ཕྱག་དཔེ་འདིའི་ནང་ནས་གཟིགས་ཐུབ་པ་ཇི་བཞིན་དུ་ནང་ཆོས་ཀྱི་ལྟ་ཚུལ་ལྟར་ན་འཆི་བའི་དངོས་བརྒྱུད་ཉམས་མྱོང་ནི་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་ང་ཚོས་ཡང་སྲིད་ཇི་ལྟར་ལེན་པ་དང་ཡང་བསྐྱར་སྐྱེས་ནས་གང་དུ་འགྲོ་བ་སོགས་ནི་ཕལ་ཆེ་བ་ལས་ཀྱི་ཤུགས་ཀྱིས་ཐག་ཆོད་ཀྱི་ཡོད་ནའང། ང་རང་ཚོའི་འཆི་ཁ་མའི་སེམས་ཁམས་དེས་སྐྱེ་བ་རྗེས་མའི་ལེགས་ཉེས་ལ་ཤུགས་རྐྱེན་ཐེབས་པར་འགྱུར་བ་ཡིན། དེར་བརྟེན། འཆི་བའི་སྐད་ཅིག་མ་དེའི་རིང་ལ་གལ་སྲིད་ང་ཚོས་འབད་པ་ཆེན་པོས་དགེ་བའི་ངོ་བོ་ཅན་གྱི་སེམས་ཁམས་ཤིག་སྐྱེད་པར་བྱེད་ཐུབ་པ་ཡིན་ན། དེ་སྔོན་ང་ཚོས་ལས་སྣ་མང་པོ་བསགས་ཚར་ཡོད་རུང་འཆི་ཁ་མའི་དགེ་བའི་སེམས་ཁམས་དེས་ད་དུང་ཡིན་ནའང་ང་ཚོའི་རྒྱུད་ཀྱི་དགེ་སེམས་རྟིང་སྐུལ་བྱེད་པ་དང་དེ་ལ་ཤུགས་སྣོན་ཐེབས་ཏེ། བདེ་འགྲོའི་འཁོར་བའི་འཇུག་རིམ་འགྲུབ་པའི་རྐྱེན་རྩ་བྱེད་པ་ཡིན། འཆི་བའི་སྐད་ཅིག་མ་དེའི་རིང་ལ། ཆེས་གཏིང་ཟབ་ཅིང་ཕན་ཁེ་ཆེ་བའི་ནང་སེམས་ཀྱི་ཉམས་མྱོང་འགྲུབ་པར་བརྩོན་ཆོག་པ་ཡིན། འཆི་བ་པོ་གྲུབ་རྟགས་གང་འཚམས་ཐོན་པར་གྱུར་པའི་ཉམས་ལེན་པ་ཞིག་ཡིན་ཚེ། དེས་སྒོམ་གྱི་ཉམས་སྣང་ཁྲོད་ནས་འཆི་བའི་གོ་རིམ་ལ་ཡང་སྐོར་བསྐྱར་སྐོར་དུ་བྱས་པའི་ངོས་འཛིན་བརྒྱུད་དེ་རང་ཉིད་འཆི་བའི་ཉམས་མྱོང་ངོ་མ་དེར་བརྟེན་ནས་ཧ་ཅང་ཚད་མཐོ་བའི་རྟོགས་པ་མངོན་དུ་བྱེད་ཐུབ་པ་ཡིན། འདི་ནི་བླ་རྒན་དེ་དག་གིས་ག་རེ་བྱས་ནས་སྒོམ་གྱི་མཉམ་བཞག་ངང་ལ་ཞིང་བརྗེ་འགྲོ་བའི་རྒྱུ་མཚན་ཐུག་ས་དེ་རེད། ཁོང་ཚོའི་སྐུ་ཕུང་ལ་སྨན་དཔྱད་རིག་པའི་ཐོག་ནས་བརྟག་དཔྱད་བྱས་ཏེ་གྲོངས་ཟིན་པར་ཁྱབ་བསྒྲགས་བཏང་རྗེས་སུའང་དུས་ཡུན་རིང་པོ་ཞིག་འགོར་ན་ད་གཟོད་གཞི་ནས་རུལ་ཉག་ཏུ་འགྱུར་འགོ་ཚུགས་པར་འགྱུར་བའི་རྟགས་མཚན་དེས། ཁོང་ཚོའི་རྒྱུད་ཀྱི་ཉམས་ལེན་གྱི་གྲུབ་འབྲས་མངོན་པར་མཚོན་གྱི་ཡོད་པ་རེད། མི་གཞན་ལ་རོགས་རམ་བྱས་ཏེ་བདེ་བར་འཆི་རུ་འཇུག་པ་དང་རང་ཉིད་ཀྱི་འཆི་བར་གདོང་ལེན་བྱེད་པ་གཉིས་གལ་གནད་ཆེ་ཆུང་གི་ཆ་ནས་གཅིག་མཚུངས་རེད། ང་ཚོ་མི་རེ་ངོ་རེ་བཞིན་དུ་ཐོག་མར་སྐྱེ་བའི་སྐབས་སུ་ཚང་མ་གྲོགས་མེད་ཁེར་རྐྱང་ཡིན། གལ་སྲིད་དེའི་སྐབས་སུ་བྱམས་སྐྱོང་དང་བདག་གཉེར་བྱེད་མཁན་གྱི་མི་ཞིག་རང་གི་ཉེ་འཁོར་དུ་བྱུང་མེད་པ་ཡིན་ཚེ་ང་ཚོ་ཏན་ཏན་འཚོ་ཐུབ་པ་བྱུང་མེད་པ་ཐག་གིས་ཆོད་པ་རེད། དཔེ་དེ་བཞིན་དུ་འཆི་ཁ་མའི་མིས་ཀྱང་རང་མགོ་རང་གིས་འདོམས་ཐབས་མེད་པར་སོང་ཙ་ན། ང་ཚོས་ངེས་པར་དུ་ག་ཚོད་ཐུབ་ཐུབ་ཀྱིས་འཆི་ཁ་མའི་མིའི་སྡུག་བསྔལ་དང་སེམས་ཁྲལ་ཉུང་འཕྲི་དང། ཁོ་ཚོ་ཁུ་སུམ་ཞི་འཇགས་དང་རང་དབང་གི་ཚོར་བའི་ཁྲོད་ནས་མིག་བཙུམ་ཐུབ་པའི་གྲོགས་དམ་བྱེད་དགོས། ཆེས་གལ་འགངས་ཆེ་བའི་གནད་ཅིག་ཡོད་པ་ནི་འཆི་ཁ་མའི་མིའི་སེམས་ཁམས་དཀྲུག་སྟེ་ཀློང་ཀློང་པོ་བཟོ་མི་རུང་བ་དེ་རེད། ང་ཚོས་འཆི་ཁ་མའི་མི་ལ་རོགས་རམ་བྱེད་པའི་ཐོག་མའི་དམིགས་ཡུལ་ནི་ཁོང་ཚོའི་སེམས་ཁམས་ཞི་འཇམ་དུ་གཏོང་རྒྱུ་དེ་ཡིན་པ་དང། དེ་ལྟར་གཏོང་བར་ཐབས་ལམ་མི་འདྲ་བ་མང་པོ་ཡོད་པ་ཡིན། དེའི་ཐད་ཀྱི་ཉམས་ལེན་བྱེད་ཤེས་པའི་འཆི་ཁ་མའི་མི་ལ་མཚོན་ན། གལ་སྲིད་དྲན་པར་གསལ་འདེབས་བྱེད་མཁན་གྱི་མི་ཞིག་བྱུང་བ་ཡིན་ན། དེ་ལ་སྐུལ་ལྕག་དང་རྟོགས་སད་ཐེབས་ཀྱི་ཡོད་པ་རེད། དེ་ལྟ་མོད་ཀྱང་གལ་སྲིད་ང་ཚོས་བརྩེ་བྱམས་དང་འབྲེལ་བའི་ཚིག་འགྲོས་ཐོག་ནས་འཆི་ཁ་མའི་གནས་སྐབས་སུ་ལྷུང་པའི་མིའི་སེམས་ཤུགས་སྐུལ་སློང་བྱེད་ཐུབ་པ་ཡིན་ན། འཆི་བ་པོ་གང་ཆེས་སྤྱིར་བཏང་བའི་མི་ཞིག་ལས་མིན་རུང་དེ་ལ་ཞི་འཇམ་དང་ལྷིང་འཇགས་ཀྱི་སེམས་ཁམས་འགྲུབ་པར་འགྱུར་བ་ཡིན། 

《བོད་ཀྱི་སྐྱེ་འཆིའི་བསྟན་བཅོས》འདིས་བོད་ཀྱི་ནང་ཆོས་དང་དེང་རབས་ཚན་རིག་སྟེ་དཔལ་ཡོན་གྱི་རྒྱུན་སྲོལ་མ་འདྲ་བ་གཉིས་ཀྱི་བར་གླགས་སུ་ཕན་ཚུན་བསྣོལ་འབྲེལ་བྱ་ཡུལ་གྱི་གནད་ཅིག་མཁོ་འདོན་བྱས་ཡོད་པ་སྟེ། ངོས་འཛིན་དང་ལག་ལེན་གང་གི་ངོས་རིམ་ནས་བཤད་ནའང་རྒྱུན་སྲོལ་འདི་གཉིས་ཀྱི་ཞིབ་བསྡུར་ལས་ཕན་ཚུན་ལ་ཤིན་ཏུ་ཆེ་བའི་ཕན་ཁེ་བྱུང་ཡོད་པར་བདག་གིས་ཡིད་ཆེས་བྱེད་ཀྱིན་ཡོད། རྒྱུན་སྲོལ་འདི་གཉིས་གདོང་ཐུག་བསྡུར་དཔྱད་ཀྱི་འདུ་ཚོགས་མངོན་པར་འགྲུབ་བཞིན་པའི་བརྒྱུད་རིམ་འདིའི་ཁྲོད་དུ། བསོད་རྒྱལ་རིན་པོ་ཆེ་ནི་ཆེས་འོས་ཤིང་འཚམས་པའི་བསྡུར་དཔྱད་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག་སྟེ། ཁོང་ཕྱོགས་གཅིག་ནས་བོད་ཀྱི་རྒྱུན་སྲོལ་རིག་གཞུང་གི་ཁོར་ཡུག་ནང་ནས་འཚར་ལོངས་བྱུང་ཞིང། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་ཆེས་རླབས་ཆེ་བའི་བླ་མར་གཏུགས་ཏེ་ཐོས་བསམ་གནང་ཡོད་པ་དང། ཕྱོགས་གཉིས་ནས་ཁོང་ལ་དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཁྲོད་ནས་ཀྱང་བློ་སྐྱེད་ཐོབ་ཡོད་པ་སྟེ། ནུབ་ཕྱོགས་ཡུལ་གྲུར་གཏན་སྡོད་ཀྱིས་དཔེ་ཁྲིད་གནང་ནས་ལོ་མང་འགོར་བས། ནུབ་ཕྱོགས་པའི་བསམ་གཞིགས་བྱེད་སྟངས་ཀྱང་རང་གི་ལག་མཐིལ་ལ་ལྟ་བ་བཞིན་དུ་རྒྱུས་ལོན་བྱུང་ཡོད་པ་ཡིན། ཕྱག་དེབ་འདིས་ཀློག་པ་པོ་རྣམས་ལ་མཁོ་འདོན་བྱེད་པ་ནི་འཆི་བ་དང་འཆི་ཁ་མར་འབྲེལ་བའི་གཞུང་ལུགས་རང་བཞིན་གྱི་འགྲེལ་བརྗོད་ཁོ་ན་ཙམ་མ་ཡིན་པར། ད་དུང་ལག་ལེན་དངོས་ལ་འཇུག་ཚུལ་ཡང་བསྟན་འདུག་པས། འདི་བཀླགས་ཚེ་འཆི་བ་དང་འཆི་ཁ་མའི་རང་བཞིན་ངོ་མར་རྒྱུས་ལོན་བྱུང་བ་བརྒྱུད་རང་དང་གཞན་གྱི་འཆི་བ་ཞི་འཇགས་དང་དོན་སྙིང་ལྡན་པ་ཡོང་བར་ཕན་གྲོགས་བྱེད་ཐུབ་པར་ངེས།
ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཕྱི་ལོ ༡༩༩༢ ཟླ ༦ ཚེས ༢ ཉིན་སྦྱར། 

ཁ རྩོམ་པ་པོའི་སྔོན་གླེང།

བོད་ནི་ང་ཡི་ཕ་ཡུལ་ཡིན། ང་སྐྱེས་ནས་ཟླ་ ༦ ཙམ་ལོན་པའི་སྐབས་སུ་ངའི་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཁམས་ཕྱོགས་སུ་ཡོད་པའི་དགོན་པའི་ནང་དུ་བསྐྱལ་འདུག ང་ཚོ་བོད་ལ་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་ཡོད་པ་ནི་འདས་ཟིན་པའི་བླ་མའི་ཡང་སྲིད་འཚོལ་བའི་ལུགས་སྲོལ་དེ་རེད། ཡང་སྲིད་དུ་ངོས་འཛིན་བྱས་པའི་ཕྲུ་གུ་དེ་དག་ལ་དགུང་ལོ་ཧ་ཅང་ཆུང་བའི་སྐབས་ནས་བཟུང་དམིགས་བསལ་གྱི་སྦྱོང་བརྡར་སློབ་གསོ་སྤྲད་དེ་ཕྱིས་སུ་དགེ་བའི་བཤེས་གཉེན་དུ་འགྱུར་བའི་གྲ་སྒྲིག་བྱེད་ཀྱིན་ཡོད་པ་ཡིན། ངའི་མིང་ལ་བསོད་རྒྱལ་ཞེས་བཏགས་ཀྱང་རང་ཉིད་གཏེར་སྟོན་བསོད་རྒྱལ་གྱི་ཡང་སྲིད་ཡིན་པར་ངའི་རྩ་བའི་བླ་མས་ཕྱིས་སུ་ད་གཟོད་ངོས་འཛིན་གནང་བ་རེད། ངའི་སྐུ་སྐྱེ་སྔོན་མ་ནི་མཚན་སྙན་ཉེ་རྒྱང་ཀུན་ཏུ་ཁྱབ་པའི་རྟོགས་ལྡན་ཉམས་ལེན་པ་ཞིག་སྟེ། ཁོང་ནི་གོང་ས༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡོངས་འཛིན་དང། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་བླ་མ་ཡང་རེད་འདུག བོད་མིའི་ཁྲོད་ནས་བརྩིས་ན་ངའི་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་ནི་སྐུ་གཟུགས་ཆེན་པོའི་གྲལ་དུ་བགྲང་ཆོག་སྟེ། མི་མང་ནང་ནས་ཡར་བཞེངས་ཚེ་མི་གཞན་ལས་མགོ་བོ་གཅིག་གི་མཐོ་ཚད་གོང་དུ་བུད་ཡོད་པ་ཡིན། ཁོང་གི་དབུ་ཁྱོན་ཁེབས་པའི་དངུལ་དཀར་སྐྲ་ལོ་གཏུབས་ནས་ཐུང་ཐུང་ལས་བཞག་མེད་ཅིང། བརྩེ་བའི་ཞལ་ལ་འཛུམ་པའི་སྤྱན་དཀྱུས་གསལ་བ་དང། སྤྱོད་ལམ་རེ་རེས་དགོད་བྲོའི་མཚར་ཉམས་སྟེར་ལ། ཆེ་ཞིང་ལེབ་པའི་སྙན་གཤོག་ནི་ཐུབ་པའི་དབང་པོར་ཀུན་ནས་མཚུངས། འོན་ཀྱང་ཁོང་གིས་མི་རྣམས་ཀྱི་ཡིད་དབང་ཆེས་ཆེར་འཕྲོག་པར་བྱེད་པ་ནི་ཕྱི་ཚུལ་འདི་དག་མ་ཡིན་པར། དེ་ལས་ལྡོག་སྟེ་ཁོང་གི་སྤྱན་འཁྱུག་སྨིན་འཁྱོག་ཙམ་དང་ཡང་ཟོར་ཆེ་བའི་འདེགས་འཇོག་གི་སྤྱོད་ལམ་ཕྲ་མོ་རེ་རེའི་ཟ་ཟུར་ལས་མངོན་པའི་རྣམ་དཔྱོད་དང་བརྗིད་ཉམས་དེ་རེད། ཁོང་གི་གསུང་སྐད་སིང་དྲག་འགུགས་ཤུགས་ཆེ་བ་དང། གསུང་ཆོས་གནང་སྐབས་དབུ་ཅུང་ཟད་ལྟག་པར་དགྱེས་བཞིན། ཆོས་ཀྱི་གསུང་དབྱངས་ཞལ་ལས་ལྷུག་ལྷུག་ཏུ་བརྡོལ་ཚེ་སྙན་པ་ལ་ཚོད་མེད་མཛེས་པའི་སྙན་ཚིག་ཉིད་དང་མཚུངས། ཁོང་གི་ཞལ་སྐྱིན་བརྗིད་ཉམས་ཆེ་ན་ཡང་ཐུགས་རྒྱུད་ཧ་ཅང་གཤིས་འཇམ་ཀུན་དང་འདྲིས་བདེ་ཡོད། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ངའི་མི་ཚེ་ཆེར་བསྐྱེད་པ་དང། བརྩམས་དེབ་འདི་ཡང་ཁོང་གིས་བློ་སྒོ་ཕྱེ་བ་ལས་ཐོན་པ་ཡིན། ཁོང་གི་སྐུ་ཕྲེང་སྔོན་མས་བོད་དུ་ནང་ཆོས་ཉམས་ལེན་གྱི་ཕྱག་སྲོལ་ལེགས་བཅོས་གནང་བ་རེད། བོད་ལ་མཚོན་ན། སྤྲུལ་སྐུའི་མཚན་གནས་ཡོད་པ་ཙམ་གྱིས་མི་ཆོག་པར། ཐོས་བསམ་དང་ཉམས་ལེན་ལྡན་ཚེ་ད་གཟོད་གཞན་གྱི་བརྩི་བཀུར་འཐོབ་པར་འགྱུར་བ་ཡིན། ཁོང་ལོ་ངོ་མང་པོའི་རིང་ལ་སྐུ་མཚམས་ལ་བཞུགས་མྱོང་བ་དང། ངོ་མཚར་ཤིན་ཏུ་ཆེ་བའི་སྒོམ་ཉམས་ཀྱི་རྟགས་མཚན་མང་པོ་ཐོན་པའི་ཤོད་ཚུལ་ཡང་ཡོད་པ་རེད། ཁོང་ལྔ་རིག་གནས་ལ་བྱང་ཞིང་མཁྱེན་རྒྱ་ཧ་ཅང་ཡངས་པས། རིག་སྒོ་སྣ་འཛོམས་ཀྱི་ཚིག་མཛོད་གསོན་པོ་ཞིག་དང་འདྲ་བར། དཀའ་གནད་དོགས་འདྲི་གང་འདྲ་ཞིག་གིས་ཀྱང་ཁོང་ནི་ལན་འདེབས་རྒྱུ་མེད་པ་བཟོ་མི་ཐུབ་པ་ཡིན། བོད་ཀྱི་ནང་ཆོས་ལ་ཉམས་ལེན་བྱེད་སྟངས་མི་འདྲ་བའི་ནང་གསེས་གྲུབ་མཐའ་ཧ་ཅང་མང་པོ་ཡོད་ཀྱང། ཁོང་ནི་ཀུན་ལ་མཁས་པའི་རིས་མེད་སྟོན་པའི་ཚད་དུ་ཚང་མས་ངོས་ལེན་བྱེད་པ་ཡིན། ཁོང་ངོ་ཤེས་པའམ་ཁོང་གི་སྐོར་ཐོས་མྱོང་ཡོད་པའི་མི་སུ་འདྲ་ཞིག་ཡིན་ཀྱང་རུང། ཁོང་ནི་བོད་ཀྱི་ནང་ཆོས་ཀྱི་སྤྲུལ་གཟུགས་དང། ཉམས་ལེན་གནད་དུ་སོང་བའི་དངོས་དཔེ་གསོན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་པ་རེད།

ངའི་རྩ་བའི་བླ་མས་དེ་སྔོན་ང་ལ་ཁོང་གི་འཕྲིན་ལས་ཀྱི་རྒྱུན་ངས་སྐྱོང་དགོས་པའི་སྐོར་གསུང་མྱོང་ལ། དོན་དངོས་སུའང་ཁོང་གིས་ང་ལ་རང་གི་བུ་ལྟར་བྱམས་སྐྱོང་གནང་ཡོད་པ་ཡིན། ངའི་བྱ་བའི་སྟེང་གི་འཇོན་ནུས་དང། དེ་བཞིན་དེ་དང་འབྲེལ་ནས་ང་ལ་འཁོར་བའི་གདུལ་བྱ་བཅས་འདི་དག་ཚང་མ་ནི། ཁོང་གིས་རང་ལ་གནང་བའི་བྱིན་མཐུ་ལས་བྱུང་བ་ཡིན་པ་བདག་གི་ཚོར་གྱི་ཡོད། ང་རང་གི་མི་ཚེའི་འགོ་སྟོད་ཀྱི་དྲན་སྣང་བག་ཆགས་ཕལ་ཆེ་བ་ཁོང་དང་འབྲེལ་ནས་ཡོད་པ་ཡིན། ང་ནི་ཁོང་གིས་བྱིན་གྱིས་བརླབས་པའི་ཁོར་ཡུག་ཏུ་སྐྱེས་ཤིང། ངའི་བྱིས་པའི་དུས་སྐབས་ཆ་ཚང་ལ་ཁོང་གི་ཤུགས་རྐྱེན་གྱིས་ཁྱབ་ནས་ཡོད་པ་ཡིན། ཁོང་ནི་ངའི་ཡབ་ཆེན་དང་འདྲ་བར་ཅི་དགོས་གང་མཁོ་ཐམས་ཅད་དེ་བཞིན་དུ་གནང་ངེས་ཡིན། ཁོང་གི་གསང་ཡུམ་སྟེ་ངའི་ཨ་ནེ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་ལགས་ཀྱིས་རྒྱུན་དུ་ང་ལ”རིན་པོ་ཆེ་ཐུགས་བྲེལ་ཆེ་ངེས་རེད། ཁྱོད་ཀྱིས་ཁོང་ལ་བསུན་པོ་མ་བཟོ”ཞེས་བསླབ་བྱ་རྒྱག་པར་བྱེད་མོད། ཡིན་ནའང་ང་ནི་ཁོང་ལ་ག་དུས་ཡིན་ཡང་འཁྲི་ནས་སྡོད་རྒྱུར་མོས་ལ། ཁོང་ཡང་ང་ཁོང་གི་མདུན་ནས་མཆོངས་རྒྱབ་ནས་བུད་དེ་འཚུབ་ཤ་བྱེད་པར་ཐུགས་དགྱེས་པ་ཡིན། ངས་ག་དུས་ཡིན་རུང་ཁོང་ལ་དྲི་བ་འདོན་པ་དང་ཁོང་ཡང་བསུན་སྣང་བྲལ་བའི་ཐོག་ནས་ལན་འདེབས་པར་སྤྲོ་བ་ཡིན། ང་ནི་ཧ་ཅང་བསྟན་བཤིག་ཚ་བས། ངའི་ཕྱག་དཔེ་དགེ་རྒན་མ་གཏོགས་པ་སུས་ཀྱང་ང་གཅུན་མི་ཐུབ་པ་ཡིན། ང་འཚུབ་དྲགས་པས་ཁོང་ཚོས་ང་ལ་བརྡུང་གྲབས་བྱེད་སྐབས་སུ། ང་རྟག་པར་བྲོས་ནས་རིན་པོ་ཆེའི་སྐུ་རྒྱབ་ཏུ་འཛུལ་འགྲོ་བ་དང། ཁོང་གི་ཆོས་ཁྲིའི་སྟེང་དུ་འཛེགས་ཚེ་སུའང་དེ་ལས་སོར་གང་བརྒལ་ནས་འོང་མི་ནུས་པ་ཡིན། ང་ཆོས་ཁྲིའི་སྟེང་དུ་ཙོག་པུར་བསྡད་དེ་རྒྱལ་ཁ་ཐོབ་པའི་དགའ་ཉམས་མངོན་བཞིན་པ་གཟིགས་སྐབས། ཁོང་ནི་ཧ་ཧ་ཧ་ཧ་ཞེས་བཞད་མོ་ཁོ་ན་ཤོར་ནས་བཞུགས་ཀྱི་རེད། ཕྱིས་སུ་ཉིན་ཞིག་ལ་ངའི་ཕྱག་དཔེ་རྒན་ལགས་ཀྱིས་རྒྱབ་ལོགས་ནས་ཁོང་ཚོ་ལ་ང་ལེགས་ལམ་དུ་འཇུག་པའི་ཆེད་དུ་འདི་ལྟར་མུ་མཐུད་དུ་ལངས་ཤོར་དུ་བཏང་ན་མི་འོས་པའི་སྐོར་ལབ་འདུག དེར་བརྟེན་རབས་ཐེངས་རྗེས་མར་ང་ཡང་བསྐྱར་རིན་པོ་ཆེ་ཁོང་གི་སྐུ་རྒྱབ་ཏུ་ཡིབ་པར་འགྲོ་སྐབས། ངའི་ཕྱག་དཔེ་རྒན་ལགས་ཁང་པའི་ནང་དུ་འཛུལ་ཡོང་སྟེ། སྔོན་ལ་རིན་པོ་ཆེར་ཕྱག་གསུམ་འཚལ་བ་དང། དེ་ནས་ང་རང་ཆོས་ཁྲིའི་སྟེང་ནས་མར་དྲུད་བྱུང། སྐབས་དེའི་དུས་སུ་ངའི་སེམས་པར་ཨ་ཡ་མཚན། ཕྱག་དཔེ་རྒན་ལགས་ཁོང་ངའི་བླ་མ་ལ་མི་ཞེད་དོན་ཅི་ཡིན་ནམ་སྙམ་བྱུང།

འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ནི་ག་དུས་ཡིན་རུང་ཁོང་གི་སྐུ་ཕྲེང་སྔོན་མའི་བཞུགས་ཤག་ཏུ་བཞུགས་རྒྱུར་མོས་པ་དང། ས་དེ་རུ་ཁོང་གི་སྐུ་སྐྱེས་སྔོན་མར་སྒོམ་ཉམས་ལེགས་པོ་འཁྲུངས་པ་དང། དེ་ལ་བརྟེན་ནས་དུས་རབས་བཅུ་དགུ་བའི་སྐབས་སུ་བོད་ཡུལ་ཤར་རྒྱུད་ཆ་ཚང་ལ་་མཆེད་པའི་རིག་གཞུང་དང་ཆོས་ལུགས་བསྐྱར་གསོའི་ལས་འགུལ་དེ་སྣེ་ཁྲིད་གནང་ཐུབ་པ་བྱུང་བ་རེད། བཞུགས་ཁང་དེ་ནི་ཧ་ཅང་གིས་དམིགས་བསལ་བ་ཞིག་ཡིན་ཏེ། ཆེ་རྒྱུ་དེ་ཙམ་མེད་ནའང་ཡ་མཚན་ངོ་མཚར་ལྡན་པའི་ཉམས་སྣང་སྟེར་བ་ཞིག་ཡོད་ཅིང། ནང་ལོགས་སུ་སྐུ་བརྙན་དང་ཐང་ག ཕྱག་དཔེ་སོགས་བསྒྲིགས་ཏེ་ཁེངས་པར་བྱས་ཡོད་པ་དང། ཁོང་ཚོས་དེ་ལ”ལྷ་ཚོགས་ཀྱི་འདུ་གནས“དང”བྱིན་རླབས་ཞུགས་པའི་དྲི་གཙང་ཁང“ཞེས་འབོད་ཀྱི་ཡོད་པ་རེད། གལ་སྲིད་ངའི་དྲན་པའི་ནང་དུ་དུས་དེང་སང་ཡང་ད་དུང་བོད་སྐོར་གྱི་བག་ཆགས་གང་ཞིག་ལུས་ཡོད་ཚེ། དེ་ནི་ངའི་རྩ་བའི་བླ་མ་བཞུགས་པར་མཉེས་པའི་ཁང་བ་དེ་ལས་མ་འདས་སོ། ང་ཡི་བླ་མ་ནི་ཀོ་བས་གཡོགས་པའི་ཤིང་གི་བཞུགས་སྟེགས་དམའ་མོ་ཞིག་གི་སྟེང་དུ་བཞུགས་ཀྱི་ཡོད་པ་དང། ང་ནི་ཁོང་གི་ཉེ་འགྲམ་དུ་སྡོད་ཀྱི་ཡོད། གལ་སྲིད་ཁོང་གི་ལྷུང་བཟེད་ནང་དུ་བླུགས་པའི་ཟས་མིན་ཚེ། ངས་ནི་ཟ་འདོད་མི་བྱེད་པ་ཡིན། བཞུགས་ཁང་དང་བར་གྱང་གིས་ཆོད་པའི་གཟིམས་ཁང་དམའ་མོ་དེར་ཁྱམས་ར་ཞིག་ཡོད་མོད། ག་དུས་ཡིན་རུང་གྲིབ་ནག་གིས་ཁེབས་ནས་ཡོད་པ་ཡིན། རྩིག་གྱང་གི་ཟུར་དུ་ཐབ་ཆུང་ངུ་ཞིག་བཙུགས་ནས་ཡོད་པ་དང། ཐབ་སྟེང་གི་ཇ་དེམ་ནང་དུ་ཉི་མ་ཉིན་གང་ལ་ཆུ་ཁོལ་བསྐོལ་ནས་ལྷོག་འབུད་པར་བྱས་ཡོད། ང་ནམ་རྒྱུན་རིན་པོ་ཆེའི་གཟིམས་ཁྲིའི་ཟུར་འགྲམ་གྱི་ཉལ་ཁྲི་ཆུང་ངུའི་སྟེང་དུ་ཉལ་གྱི་ཡོད་ལ། ཁོང་གིས་མ་ཎི་འདོན་སྐབས་ཀྱི་ཕྱག་ཕྲེང་བགྲང་བའི”ཐག་ཚག་ཐག་ཚག“ཅེས་པའི་སྒྲ་དེ་ནི་ངས་མི་ཚེ་གང་བོར་ཤིན་ཏུ་བརྗེད་དཀའ་བ་ཞིག་རེད་འདུག ང་ཉལ་ཁྲིའི་སྟེང་ལ་འཛེགས་ཏེ་གཉིད་ཉལ་བའི་སྐབས་སུ། ཁོང་་དེ་རུ་བཞུགས་ནས་ཁ་འདོན་བྱེད་ཀྱིན་འདུག་ལ། ཕྱི་ཉིན་ཞོགས་པར་ང་གཉིད་སད་སྐབས་ཁོང་ནི་སྔ་མོ་ནས་བཞེངས་ཚར་ཏེ། སྔར་རྒྱུན་བཞིན་གནས་དེ་རུ་ཁ་འདོན་བྱེད་པ་དང་གསོལ་སྨོན་འདེབས་ཀྱིན་འདུག དེར་ངས་མིག་ཕྱེ་སྟེ་ཁོང་ལ་ལྟ་བའི་དུས་ན་སེམས་ནང་དུ་བརྩེ་བྱམས་དང་བདེ་དགའི་ཚོར་བ་མཆེད་འོང་གིན་འདུག་སྟེ། ཁོང་གི་ལུས་ཐོག་ཏུ་དེ་ལྟ་བུའི་ཞི་འཇམ་གྱི་ཚོར་བ་སྦྱིན་པར་ནུས་པའི་གཟི་ཉམས་ཤིག་མངོན་པར་གྲུབ་འདུག 

ང་ཆེན་པོ་ཆགས་རྗེས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་གསུང་ཆོས་གནང་ཐེངས་རེ་རེ་བཞིན་དུ་ང་ལ་མཛད་སྒོ་གཙོ་སྐྱོང་བའི་འགན་ཁུར་དུ་བཅུག་སྟེ་ཁོང་གིས་འདོན་ཆོག་གི་དབུ་འཛིན་གནང་གིན་ཡོད་པ་དང། ཁོང་གིས་ཆོས་ཚན་གང་ཞིག་འཆད་ཁྲིད་གནང་བའམ་དབང་བསྐུར་བ་སོགས་ཀྱི་སྐབས་ཐོག་ཚང་མར་ང་རང་ཁོང་གི་ཉེ་འཁྲིས་སུ་ཡོད་མོད། འོན་ཀྱང་ངས་ཁོང་གི་ས་ནས་ངེས་པོ་བྱུང་པ་ནི་མཛད་སྒོའི་ཆོ་ག་སྣ་རེ་རེ་ཐོག་གི་ཞིབ་ཆ་ཡིན་ཟེར་བ་ལས། དེ་ལས་ལྡོག་སྟེ་མཛད་སྒོ་སྤྱི་གཟུགས་ལས་ཚོར་བའི་བག་ཆགས་རིལ་རིལ་མ་དེ་ཡིན་ཞེས་ལབ་ན་ལན་པོ་ཡོད་པ་ཡིན། ང་རང་གི་ངོས་ནས་བཤད་ན་ཁོང་ནི་སངས་རྒྱས་དངོས་ཡིན་སྙམ་པའི་འཆར་སྣང་དེ་ནི་སྙིང་དབུས་ནས་ག་དུས་ཡིན་རུང་གཡོ་བ་མི་འདུག དེས་མ་ཚད། སྐྱེ་བོ་གཞན་དག་རེ་རེས་ཀྱང་དེ་ལྟར་ཚོར་གྱི་ཡོད་པ་རེད། ཁོང་གིས་དབང་གནང་བའི་སྐབས་སུ་གདུལ་བྱ་ཚང་མས་བློ་སེམས་རྩེ་གཅིག་ཏུ་སྒྲིམ་པར་འགྱུར་བ་དང། ཐ་ན་ཁོང་གི་ཞལ་ལའང་ཐད་ཀར་ལྟ་ཕོད་མཁན་ཡོད་པ་མ་རེད། གདུལ་བྱ་ལས་དག་ཁ་ཤས་ཀྱིས་ད་དུང་དེ་བས་ཀྱང་ཁོང་གིས་སྐུ་ཕྲེང་སྔ་མར་བསྐྱར་ལོག་གནང་བའམ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདྲ་མིན་མང་པོའི་རྣམ་པ་སྤྲུལ་གྱི་ཡོད་པའང་མཇལ་ཡོད་པ་རེད། མི་ཚང་མས་ཁོང་ལ་རིན་པོ་ཆེ་ཞེས་འབོད་པ་དང། དེའི་དོན་ནི་རྩ་ཆེན་པོ་ནོར་བུ་ལྟ་བུ་རེད་ཟེར་བ་སྟེ། བོད་པ་རྣམས་ཀྱིས་རང་ཉིད་ཀྱི་བླ་མར་འབོད་ཚུལ་རེད། ཁོང་ཚོགས་གྲལ་དུ་བཞུགས་པའི་སྐབས་སུ་བླ་མ་གཞན་རྣམས་ལ་དེ་ལྟར་མི་འབོད་པ་ཡིན། ཁོང་འཇིག་རྟེན་འདིར་བྱོན་པ་དེས་དད་ལྡན་མང་པོ་སེམས་འགུལ་ཐེབས་ཏེ་གདོད་མའི་སངས་རྒྱས་དངོས་སུ་མཇལ་བ་ཡིན་ཟེར་གྱི་ཡོད་པ་རེད།

གལ་སྲིད་ང་ནི་བདག་གི་རྩ་བླ་འཇམ་དབྱངས་མཁྱེན་བརྩེ་ཁོང་དང་འཕྲད་མེད་ཚེ་ངའི་མི་ཚེ་ནི་རྦད་དེ་མ་འདྲ་བ་ཞིག་ཡིན་ངེས་པ་ང་རང་གིས་ཤེས་ཀྱི་ཡོད། ཁོང་ནི་གཤིས་འཇམ་བྱམས་བརྩེ་ཆེ་ཞིང་བློ་གྲོས་ལྡན་པ་དང། བསམ་སྤྱོད་མཐའ་དག་ནས་ནང་ཆོས་ཀྱི་ཁྱད་འཕགས་བདེན་པ་མངོན་པར་མཚོན་པར་བྱས་ཏེ། ཆོས་ཀྱི་གནས་ལུགས་དོན་དངོས་འཚོ་བར་སྦྱར་ནས་དེ་ཉིད་ཁ་རྒྱུ་བྲོ་རྒྱུ་ཆེ་བ་ཞིག་ཏུ་ཁྲིད་སྟོན་གནང་མཁས་པོ་ཡོད་པ་རེད། ནམ་རྒྱུན་བདག་གིས་བླ་མས་གནང་བའི་བག་ཆགས་སྐོར་ལ་མི་གཞན་དང་བསམ་ཚུལ་བརྗེ་རེས་བྱེད་སྐབས་ཁོང་ཚོར་ཡང་ང་དང་གཅིག་མཚུངས་ཀྱི་མཐོང་སྣང་བྱུང་འདུག དེས་ན་རྩ་བའི་བླ་མ་ཁོང་གིས་མཐར་གཏུགས་ན་ང་ལ་ཅི་ཞིག་གནང་བ་རེད་དམ་ཞེ་ན། དེ་ནི་ནང་ཆོས་ལ་ངེས་པ་གཏིང་ནས་རྙེད་པའི་་དད་པ་དང། དེ་བཞིན་བླ་མ་ཧ་ཅང་གལ་ཆེན་པོ་ཡིན་པའི་ཡིད་ཆེས་་གནང་བ་རེད། གལ་སྲིད་མི་ང་ལ་ལྟ་བའི་རྣམ་བཞག་གང་ཞིག་གྲུབ་ཡོད་ཚེ་དེ་ནི་བླ་མ་ཁོང་གི་བྱིན་མཐུ་ཉག་གཅིག་ལས་བྱུང་བ་ཡིན་པ་ངས་ཤེས་ཀྱི་ཡོད་ལ། བཀའ་དྲིན་འདི་ནི་དུས་ནམ་ཡང་འཁོར་ཐབས་མེད་ནའང། མི་གཞན་ལ་བརྒྱུད་སྤྲོད་བྱེད་པར་བདག་གིས་འབད་ཀྱི་ཡིན།

ང་རང་གིས་བོད་དུ་བྱིས་དུས་ནས་ན་གཞོན་གྱི་དུས་སྐབས་ཆ་ཚང་སྐྱེལ་བའི་རིང་དེར་བླ་མ་འཇམ་དབྱངས་མཁྱེན་བརྩེས་མི་ཚོགས་ཀྱི་ཁྲོད་དུ་བརྩེ་བའི་འཕྲིན་ལས་སྤེལ་བ་དངོས་སུ་མྱོང་གོམས་བྱུང་ལ། དེ་བས་ཀྱང་གལ་ཆེ་བ་ནི་ཁོང་གིས་འཆི་ཁ་མའི་མི་དང་ཤི་བོར་ལམ་འཇུག་བྱེད་སྐབས་སུ་ཚད་མེད་ཐུགས་གཤིས་ལས་རང་གི་ངང་གིས་བརྡོལ་འོང་པའི་སེམས་ཚོར་དྲོན་མོ་དེས་བདག་ལ་བག་ཆགས་གཏིང་ཟབ་བཞག་བྱུང། བོད་ལ་མཚོན་ན་བླ་མ་ཞིག་ཡིན་ཚེ་བསམ་བློའི་ཁྱབ་ཁོངས་ནང་གི་དགེ་རྒན་ཡིན་པས་མ་ཚད། ད་དུང་ཡོན་ཏན་ཅན་དང་ཆོས་ཀྱི་སྟོན་པ། སྨན་པ་དང་སེམས་ཁམས་ལྟ་སྐྱོང་མཁས་པ་བཅས་གཅིག་ལྕོགས་ཡིན་དགོས་ཐོག ནད་པ་དང་འཆི་ཁ་མའི་སྐྱེ་བོ་ཚུན་ཆད་ལ་རོགས་མགོན་བྱེད་དགོས་པ་ཡིན། ཕྱིས་སུ་ངས《བར་དོ་ཐོས་གྲོལ་ཆེན་མོ》དང་འབྲེལ་བའི་ཆོས་ཚན་ཁག་ལས་འཆི་ཁ་མའི་མི་དང་འདས་པོར་ལམ་སྟོན་བྱེད་ཕྱོགས་ཐད་ཀྱི་དམིགས་བསལ་ཐབས་རྩལ་སྐོར་ལ་་སློབ་སྦྱོང་བྱས་པ་ཡིན་མོད། འོན་ཀྱང་ང་ལ་འཆི་བ་དང་འབྲེལ་བའི་བློ་སྐྱེད་མང་ཤོས་ནི་གོང་ཞུས་ལྟར་རྩ་བས་བླ་མས་གང་འདྲ་བྱས་ཏེ་བརྩེ་བྱམས་དང་རྣམ་དཔྱོད་ལྡན་ལ། བསམ་ཤེས་ཆེ་བའི་ཐོག་ནས་འཆི་ཁ་མའི་མི་ལ་ལམ་སྟོན་བྱེད་ཚུལ་དེ་དག་ལ་ཞིབ་ལྟ་བྱས་པ་ལས་ཐོབ་པ་བྱུང་འདུག

བདག་གི་རེ་བར་དཔེ་དེབ་འདིས་བླ་མ་ཁོང་གི་རླབས་ཆེ་བའི་མཁྱེན་བརྩེའི་ཆ་ཤས་འགའ་འཛམ་གླིང་ཁྱོན་དུ་ཁྱབ་སྤེལ་གཏོང་བའི་རྒྱུ་ཚོགས་འགྲུབ་པར་འགྱུར་བ་དང། དེ་བཞིན་ཀློག་པ་པོ་རྣམས་ཀྱིས་ཀྱང་ཕྱག་དཔེ་འདི་བརྒྱུད་ནས་ཁོང་གི་མཁྱེན་བརྩེའི་ཐུགས་ཀྱི་འོད་སྣང་མཐོང་བར་འགྱུར་བ་དང། དེ་ལ་བརྟེན་ནས་ཁོང་དང་བར་ཐག་ཉེ་བའི་ལས་འབྲེལ་ཞིག་འགྲུབ་ཐུབ་པར་སྨོན་བཞིན་ཡོད། 
ཅེས་བསོད་རྒྱལ་རིན་པོ་ཆེས་སྤེལ།

*རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས:

བསོད་རྒྱལ་རིན་པོ་ཆེ། བོད་དུ་སྐུ་འཁྲུངས། དུས་རབས་འདིའི་ནང་དུ་ཆེས་བླ་ལྷག་གི་གུས་བརྩིཐོབ་པའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་བསྐྱེད་བསྲིང་གནང་སྟེ་འཚར་ལོངས་བྱུང། ཕྱིས་སུ་བླ་མས་ཁོང་རང་གཏེར་སྟོན་བསོད་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད། སྤྱི་ལོ ༡༩༧༡ ལོར་དབྱིན་ཡུལ་གྱི་ཁཱན་འབར་ཅི་ (Cambridge)སློབ་གྲྭ་ཆེན་མོར་ཆོས་ལུགས་དཔྱད་བསྡུར་རིག་པར་ (Comparative Religion) ཆེད་སྦྱོང་མཛད། སྤྱི་ལོ ༡༩༧༤ ཙམ་ནས་ནང་ཆོས་འཆད་ཁྲིད་ཀྱི་དབུ་ཚུགས། ཨ་རིས་གཙོས་ཡུལ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་འཚོ་བ་སྐྱེལ་བ་དང་དཔེ་ཁྲིད་གནང་ནས་བགྲང་བྱ་ཉི་ཤུ་ལྷག་འགོར་བས། ནུབ་ཕྱོགས་པའི་སེམས་ཁམས་ལ་ཁོང་གིས་རྒྱུས་ལོན་ཞིབ་ཚགས་བྱེད་ཐུབ་པར་གྱུར། ཁོང་གི་རིགས་འགྲོས་གསལ་ཞིང་ངང་རྒྱུད་ཞི་ལྷོད་ཡང་ཟོར་ཆེ་བ་དང། རྩེད་མཚར་དགོད་སློང་གི་ལམ་ནས་ཟབ་གནད་དཔེ་སྟོན་མཁས་པས་འཆད་ཁྲིད་ཀྱི་སྐབས་སུ་གདུལ་བྱའི་ཁྲོད་ནས་ཆེས་ཆེར་དགའ་བསུ་ཐོབ་བཞིན་ཡོད་པ་རེད། ཁོང་ནི་དེང་སང་ནུབ་ཕྱོགས་རྒྱལ་ཁོངས་ཁ་ཤས་སུ་ཡོད་པའི་ནང་ཆོས་ཀྱི་བསྟི་གནས་དང་ཆོས་ཚོགས་མང་པོའི་འགན་འཛིན་ནམ་སློབ་སྟོན་པར་གྱུར་ཡོད་པ་རེད། ཁོང་གིས་སྣེ་མང་རྙོག་འཛིང་ཅན་གྱི་དེང་རབས་སྤྱི་ཚོགས་འདིའི་ནང་དུ་བོད་ཀྱི་ནང་ཆོས་ཀྱི་སྙིང་དོན་འགྲེལ་བརྗོད་བྱེད་ཚུལ་གྱི་ཐབས་ལམ་ཁ་ཚང་ཞིག་བཏོད་ཐུབ་ཡོད་པ་དང། 《བོད་ཀྱི་སྐྱེ་འཆིའི་བསྟན་བཅོས》བརྩམས་པ་འདིས་དེ་བས་ཀྱང་ཁོང་ལ་རྒྱལ་ཁབ་སོ་སོས་ཆེ་མཐོ་བའི་གུས་བཀུར་དང་བསྟོད་བསྔགས་ཐོབ་ཡོད་པ་རེད།

བསོད་རྒྱལ་རིན་པོ་ཆེས་ཁོང་གིས་གསར་འཛུགས་གནང་བའི་ནང་ཆོས་ཉམས་ལེན་བྱེད་སའི་བསྟི་གནས་ཁག་གི་མིང་ལ ”རིག་པ་ཆོས་ཚོགས” ཞེས་བཏགས་ཡོད་པ་དང། ཆོས་ཚོགས་དེ་དག་ལས་ནང་ཆོས་ཀྱི་གཞུང་ལུགས་དང་ཉམས་ལེན་སྐོར་གྱི་སློབ་ཚན་འདྲ་མིན་མཁོ་སྤྲོད་བྱེད་བཞིན་ཡོད་པས་མ་ཚད། ད་དུང་ལག་ལེན་དངོས་སུ་དམར་ཁྲིད་བྱེད་སའི་ལས་སྒྲུབ་ཁང་བཙུགས་ཏེ། བོད་ཀྱི་རྒྱུན་སྲོལ་ཤེས་རིག་དང་དེང་རབས་སྤྱི་ཚོགས་ཀྱི་དཀའ་གནད་ཀྱི་བརྗོད་གཞི་འདྲ་མིན་དང་དེའི་ཐད་ཀྱི་སྦྱོང་བརྡར་ཕན་ཚུན་ཟུང་འབྲེལ་བརྒྱུད། རིགས་རྒྱུད་དང། ཆོས་ལུགས། རིག་གཞུང་མ་འདྲ་བ་དང་འབྲེལ་ནས་གྲུབ་པའི་སེམས་ཁམས་གནས་སྟངས་ཀྱི་ཁྱད་པར་སོགས་འགོག་རྐྱེན་ཡོད་ཚད་ལས་ཐོད་བརྒལ་བྱས་ནས། ཐད་ཀར་སེམས་ཀྱི་གཤིས་ལ་གཏུགས་པའི་ཐོག་ནས་ནང་ཆོས་ཁྱབ་སྤེལ་བྱེད་བཞིན་ཡོད་པ་རེད།
བོད་ཀྱི་སྐྱེ་འཆིའི་བསྟན་བཅོས་ཞེས་པ་ངོ་སྤྲོད་མདོར་བསྡུས། THE TIBETAN BOOK OF LIVING AND DYING བོད་ཀྱི་སྐྱེ་འཆིའི་བསྟན་བཅོས་ཞེས་པ་ངོ་སྤྲོད་མདོར་བསྡུས། THE TIBETAN BOOK OF LIVING AND DYING Reviewed by ཆོས་དུང་ དཀར་པོ། on 6:28 AM Rating: 5

No comments: